ཧྥ་རན་སིའི་རྒན་ཡོལ་གྱི་ལོ་ཚད་དེ་རང་ལོ་༦༠ ལ་ཕབ་པ།

ཕྱི་ཟླ་༦ ཚེས་༦ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སིའི་གཞུང་འཛིན་ཚོགས་པས་རེས་གཟའ་ལྷག་པ་ཉིན་རྒན་ཡོལ་གྱི་ལོ་ཚད་༦༢ ནས་༦༠ ལ་མར་ཕབ་ཡོད་པ་དང་། དཔྱད་ཞིབ་པས་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་འདི་འདྲར་སླེབས་སྐབས་ཐག་གཅོད་དེ་ནི་འགྲོ་སོང་ཆེ་བའི་ནོར་འཁྲུལ་ཞིག་རེད་ཅེས་བསམ་ཚུལ་བརྗོད་ཡོད་པ་རེད།

བྱང་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་འདས་པའི་ལོ་བཅུ་ཕྲག་གི་ནང་རྒན་ཡོལ་གྱི་ལོ་ཚད་ཡར་སྤར་ཐབས་བྱེད་ཀྱི་ཡོད་པ་དང་། དེ་ནི་མང་ཚོགས་ཀྱི་ཚེ་ཚད་རིང་དུ་ཕྱིན་པ་དང་། གཞུང་གིས་རྒན་ཕོག་གི་འགྲོ་སོང་ཡང་ཆེ་རུ་འགྲོ་ཡི་ཡོད་པས་རེད།

ཧྥ་རན་སིའི་འབངས་མིའི་རྒན་ཡོལ་གྱི་ལོ་ཚོད་ཁྲིམས་ཐོག་ནས་ཡར་སྤར་རྒྱུ་ནི་སྲིད་འཛིན་ཟུར་པ་སཱར་ཀོ་ཛིའི་གསར་བརྗེའི་བཅོས་བསྒྱུར་གལ་ཆེན་ཞིག་ཡིན་པ་དང་། དེ་བརྒྱུད་ནས་ཡུ་རོབ་གླིང་ཕྲན་གྱི་དཔལ་འབྱོར་ཉམས་རྒུད་ཆེ་བའི་སྐབས་སུ་གཞུང་གི་བུ་ལོན་ཉུང་དུ་གཏོང་རྒྱུར་དམིགས་པ་རེད། བཅོས་བསྒྱུར་དེར་རྒྱལ་ཡོངས་ནས་ངོ་རྒོལ་བྱུང་ཡོད་མོད། དཔལ་འབྱོར་རིག་པ་བ་འགའ་ཤས་ཀྱི་རྒན་ཡོལ་ཀྱི་ལོ་ཚོད་དེ་རྒྱུ་ཧ་ལས་པའི་མཐོན་པོ་གང་ཡང་མིན་སྐོར་བརྗོད་མཁན་ཡང་བྱུང་ཡོད་པ་རེད།

སཱར་ཀོ་ཛི་ཡིས་རྒན་ཡོལ་ལོ་ཚོད་སྤྱི་སྙོམས་༦༠ ནས་༦༢ དང་། གཞུང་ལ་སྲི་ཞུ་སྒྲུབ་མིན་ལ་མ་ལྟོས་པར་རྒན་ཕོག་ལེན་པའི་ལོ་ཚོད་༦༥ ནས་༦༧ ལ་ཡར་སྤར་ཡོད་པ་རེད།

ཡིན་ན་ཡང་ད་ལྟའི་སྲིད་འཛིན་ཧོལ་ལཱན་ཌེས་ཡིས་རྒན་ཡོལ་གྱི་ལོ་ཚོད་༦༠ རུ་མར་ཕབ་པ་དང་། ལོ་འཁོར་༡༨ དམ་༡༩ རིང་གཞུང་ལ་སྲི་ཞུ་བསྒྲུབས་ཟིན་པའི་རིགས་ལ་རྒལ་ཡོལ་གྱི་གཞུང་ཕོག་ཐོབ་ཀྱི་ཡོད་པ་རེད། ལོ་༦༠ ནས་རྒན་ཡོལ་ཞུ་ཆོག་པའི་ཐོབ་ཐང་སྤྲད་རྒྱུ་ནི་ཧྥ་རན་སིའི་གཞུང་གི་བདེ་རྩར་ཕན་པའི་ཀ་བ་ལྟ་བུ་ཡིན་པ་རེད།

གཞུང་གི་ངོས་ནས་བརྗོད་དོན་ལྟར་ན། སྲིད་ཇུས་འགྱུར་བ་འདི་ཟླ་བ་རྗེས་མའི་ནང་ གཏན་འབེབས་བྱེད་རྒྱུ་དང་། ཕྱི་ཟླ་༡༡ ནང་དངོས་སུ་ལག་ལེན་བྱས་ཏེ་འགྱུར་བ་འགྲོ་ཐུབ་པའི་ཐག་གཅོད་བྱས་པ་རེད།

ཡིན་ན་ཡང་འགྱུར་བ་འདི་ཧྥ་རན་སིའི་མི་རིགས་ཀྱི་ཚེ་ཚད་དང་འགལ་བ་ཆགས་ཡོད་པ་སྟེ། འཛམ་གླིང་ནང་མི་རིགས་འདིའི་ཚེ་རིང་ཤོས་ཤིག་ཡིན་པ་དང་། སྤྱི་སྙོམས་བུད་མེད་ཀྱི་ཚེ་ཚད་ལོ་༨༥ དང་སྐྱེས་པ་༧༨ ཙམ་ཡིན་པ་རེད། ཨ་རིའི་རྒན་ཡོལ་ཆ་ཚང་ཞུ་བའི་ལོ་ཚོད་༦༥ ནས་༦༧ ཡིན་པ་རེད། འཇར་མི་ནི་ཡིས་བུད་མེད་ལོ ༦༥ དང་སྐྱེས་པ་ལོ་༦༧ ཡིན་པ་རེད། ཡང་ཨི་ཊ་ལིའ་ནང་ལོ་ཤས་སྔོན་ལ་ལས་བྱེད་ཀྱི་ལོ་༥༠ ནས་རྒན་ཡོལ་བྱེད་ཆོག་ཀྱང་། སྲིད་བློན་མ་རིའོ་མོན་ཊི་ཡིས་ལོ་འདིར་སྐྱེས་པ་ལོ་༦༥ ནས་༦༦ དང་། བུད་མེད་རྒན་ཡོལ་གྱི་ལོ་ ༦༠ ནས་༦༦ བར་སྤར་ནས་ཕྱི་ལོ་༢༠༡༨ ལོར་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ་རེད། ལོ་བཅུ་ཕྲག་ཅིག་སྔོན་ལ་ཡུ་རོབ་ནང་རྒན་ཡོལ་ཞུ་བའི་ལོ་གྲངས་མཐོ་ཤོས་ཧྥ་རན་སི་ཡིན་པ་དང་། ཕྱི་ལོ་༡༩༨༢ ལོར་སྲིད་འཛིན་ཟུར་པ་འདས་པོ་མི་ཊེར་རན་ཌ་ཡིན་ལོ་༦༠ ལ་མར་ཕབས་ཡོད་པ་རེད།