བོད་ཀྱི་གླུ་བ་ཨ་མཆོག་ཕུལ་བྱུང་འཛིན་བཟུང་གི་བཀའ་རྒྱ།
ཉེ་ཆར་བོད་ཀྱི་གླུ་བ་ཨ་མཆོག་ཕུལ་བྱུང་གིས་༧གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ལ་བསྟོད་གླུ་བླངས་པར་བརྟེན། རྒྱ་ནག་གཞུང་གིས་འཛིན་བཟུང་གི་བཀའ་རྒྱ་བཀྲམ་རྗེས། ཁོང་རི་སྒང་དུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པའི་གནས་ཚུལ་བྱུང་འདུག
ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་ལྷོ་ཕྱོགས་སུ་མོན་གྷོ་རུ་གནས་སྡོད་གྲྭ་འཇམ་དབྱངས་ལགས་དང་བསམ་གཏན་གཉིས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། གླུ་བ་ཨ་མཆོག་ཕུལ་བྱུང་ལགས་ཀྱིས་ཉེ་ཆར་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་ཁོང་གི་ཆེད་བསྒྲིགས་བརྙན་འཁོར་ཐེངས་ལྔ་བ་འདོན་སྤེལ་བྱས་རྗེས། རྒྱ་ནག་གཞུང་གིས་འཛིན་བཟུང་དགོས་པའི་བཀའ་རྒྱ་བཀྲམ་པར་བརྟེན། ཁོང་རི་སྒང་དུ་འབྲོ་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད། དེ་ལྟར་བྲོས་བྱོལ་ལ་འགྲོ་དགོས་དོན། ཁོང་གིས་བླངས་བའི་གླུ་གཞས་ཁག་གིས་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་སྲིད་སྐྱོང་བ་བློ་བཟང་སེངྒེ་རྣམ་གཉིས་ལ་བསྟོད་གླུ་དང་། ད་ལྟའི་བོད་ནང་གི་དཀའ་སྡུག་གི་གནས་སྟངས་དངོས་སོགས་གླུ་གཞས་ཀྱི་ལམ་ནས་གསལ་འདོན་བྱས་ཡོད་པ་རེད།
ཁོང་གཉིས་ཀྱིས་མུ་མཐུད་གནས་ཚུལ་འགྲེལ་བརྗོད་བྱས་དོན། ཨ་མཆོག་གླུ་བ་ཕུལ་བྱུང་ལགས་ནི་སུ་ཁྲོན་ཞིང་ཆེན་འབར་ཁམས་ཁུལ་ཁྱུང་མཆུ་རྫོང་། ཨ་མཆོག་ཡུལ་ཚོ། ཨ་མཆོག་སྟོད་མ་སྡེ་བ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་སྒྲོལ་མ་སྐྱབས་དང་ཨ་མའི་མིང་ལ་སྒྲོལ་མ་ཟེར་གྱི་ཡོད་པ་རེད། ལོ་སུམ་བཅུ་སོ་གཉིས་སོ་གསུམ་ཡས་མས་ཤིག་ཡིན་པ་རེད། ཁོའི་ཚེ་སྲོག་ལ་ཉེན་ཁ་ཏན་ཏན་ཡོད་ས་རེད། ༧རྒྱལ་བ་རིན་པོ་ཆེ་དང་སྲིད་སྐྱོང་བ་བློ་བཟང་སེངྒེ་གཉིས་དངོས་སུ་བརྙན་འཁོར་ནང་ལ་གཟུགས་མཐོང་གི་འདུག་ལ་དེ་ལྟར་བསྟོད་གླུ་བླངས་འདུག་ཅེས་དང་། གླུ་བ་ཕུལ་བྱུང་ལགས་ཀྱི་བརྙན་འཁོར་ནང་གི་གཞས་ཚིགས་རྩོམ་པ་པོ་མི་གསུམ་ཡོད་པ་རེད་ལ། བརྙན་འཁོར་ཁ་བྱང་ལ་ཁུལ་གྱི་ནོན་པའི་ང་ཚོ་ཞེས་འཁོད་ཡོད་པ་དང་། ཁྱོན་བསྡོམས་བརྙན་འཁོར་དེའི་ནང་གླུ་གཞས་བཅུ་གསུམ་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག །
མོན་གྷོ་གསར་འགོད་པས།