རྩོམ་པ་པོ་འཇམ་དབྱངས་ནོར་བུར་བཅར་འདྲི།
ངས་མི་རིགས་དབྱེ་འབྱེད་མིན་མོད། ཡིན་ཡང་རྒྱ་ནག་མི་རིགས་བདེན་པ་དང་དྲང་པོའི་ཐོག་ལ་འགྲོ་རྒྱུ་ཁག་པོ་རེད། བོད་པ་སུ་ཡིན་ཡང་གལ་ཏེ་རང་བཙན་གྱི་བསམ་བློ་མེད་ན་ཡང་རྒྱ་ནག་མཉམ་དུ་འཆམ་པོ་བྱ་རྒྱུའི་བསམ་བློ་མ་གཏོང། དེ་ལས་ཐག་རིང་ས་ཞིག་ལ་འབྲོ་རྒྱུའི་བསམ་བློ་ཐོངས་ཟེར་རྒྱུ་དེ་ཡིན། དེ་ཡག་ཤོས་རེད་ཅེས་འཇམས་དབྱངས་ནོར་བུས་གསུངས་སོང་།
དྲི་བ། ཁྱེད་རང་ཐེངས་འདིར་རྒྱ་གར་ལ་ཕེབས་དོན་གཙོ་བོ་གང་ཡིན་ནམ།
ལན། ང་འདིར་ཡོང་དོན་དེང་སྐབས་ཕྲུ་གུ་ཚོའི་གུང་སེང་དང་ཁེལ་ཡོད་པ་རེད། ངའི་བུ་མོ་ཞིག་རྒྱ་གར་གྱི་སློབ་གྲྭཪ་འགྲོ་ཡི་ཡོད་པ་དང། མོ་དང་འབྲེལ་ཡོད་ཚོར་ཐུག་འཕྲད་རེད། དེ་ནས་དོན་དག་གཙོ་བོ་གཅིག་ཨ་མྱེ་རྨ་ཆེན་བོད་ཀྱི་ཉམས་ཞིབ་ཁང་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་མཛད་སྒོ་དེའི་ཆེད་དུ་ཡིན། དེ་སྔོན་བཀྲ་ཤིས་ཚེ་རིང་ལགས་དང་ང་ཚོས་མཉམ་དུ་ལས་ཀ་བྱས་པ་ཞིག་རེད། དེ་ནས་ཡང་ད་ལོའི་གསུམ་བཅུའི་དུས་དྲན་གྱི་རྗེས་སུ། ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་སྟག་མཚེར་རིན་པོ་ཆེ་དང་ང་ཚོས་གསར་འཛུགས་བྱས་པའི་རང་བཙན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རང་བཙན་ཚོགས་འདུ་ཞིག་འཚོགས་ཡིན།
ང་ལུང་ཁུགས་ཤིག་ལ་བསྡད་ཡོད་སྟབས་གཞན་བྱེད་ཐབས་མི་འདུག བོད་ནང་གི་གནས་སྟངས་དེ་འདྲའི་ཛ་དྲག་ཆེན་པོ་ཆགས་ཡོད་དུས། སྐད་འབོད་གཅིག་པུས་འདོད་པ་ཁེངས་ཀྱི་མི་འདུག དེར་བརྟེན། རང་བཙན་འདོད་མཁན་གྱི་བོད་མི་ཁག་གཅིག་ལ་ངས་ཡི་གེ་བཏང་ནས། ང་ལ་འགྲོ་གྲོན་གྱི་ཆེད་དངུལ་གང་ཡང་གཏོང་རྒྱུ་མེད། ཡིན་ན་ཡང་ནིའུ་ཡོག་ལ་ཚོགས་ཁང་ཞིག་ངས་གཡར་ཆོག ཁྱེད་རང་ཚོ་ཕེབས་ཤོག ང་ཚོས་རང་བཙན་གྱི་ཐོག་ལ་ཚོགས་འདུ་ཞིག་འཚོག་ཐུབ་ན་ཡག་པོ་འདུག་ཅེས་རེ་བ་བྱས་པ་ལྟར། ཁྱོམ་བསྡོམས་མི་༨༠ ཙམ་འཛོམས་ཏེ་ང་ཚོས་རང་བཙན་སྐོར་གྱི་ཚོགས་འདུ་ཞིག་འཚོགས་པ་རེད། གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་པ་ཡིན་ན། སེམས་ཤུགས་གསར་པ་ཞིག་སླེབས་ཀྱི་ཡོད་རེད། ཡག་པོ་བྱུང་སོང་།
སྐབས་དེར་ཚང་མས་ལས་ཀ་གཙོ་བོ་དེ་བོད་རང་བཙན་ལེན་རྒྱུ་དང་། གཉིས་པ་དེ་རང་བཙན་རག་རྗེས་ཁྲིམས་ལུགས་དང་མཐུན་པའི་མང་གཙོའི་གཞུང་ཞིག་འཛུགས་རྒྱུ། གསུམ་པ་དེ་མི་སྒེར་སོ་སོའི་ཐོབ་ཐང་ལ་གུས་ཞབས་ཡོད་མཁན་གྱི་མང་གཙོའི་གཞུང་ཞིག་འཛུགས་རྒྱུ་བཅས་གལ་ཆེན་དུ་བརྩིས་ནས། བོད་རང་བཙན་ལེན་མཁན་གྱི་ཆབ་སྲིད་ཀྱི་ཚོགས་པ་ཞིག་བཙུགས་དགོས་རེད་ཅེས་གྲོས་བསྡུར་བྱུང་སོང་། དེར་བརྟེན་ད་ཐེངས་ཡང་དྷ་སར་རང་བཙན་སྐོར་གྱི་ཚོགས་འདུ་ཞིག་ཡོད། དེར་བརྟེན་འདིར་ཡོང་བ་ཡིན།
དྲི་བ། བོད་ནང་གི་རང་ལུས་མེར་བསྲེག་གི་ལས་འགུལ་དེར་ཁྱེད་རང་གིས་ངོས་འཛིན་ག་འདྲ་གནང་གི་ཡོད།
ལན། དེ་ལ་བལྟ་སྟངས་ཁ་ཤས་ཤིག་ཡོད་པ་རེད་བསམ་གྱི་ཡོད། དོན་དག་ངོ་མར་ལས་འགུལ་དེ་བྱས་ན་འགྲིག་གི་ཡོད་མེད་ཀྱི་ཐད་ལ་སྐད་ཆ་སུ་ལ་ཡང་བཤད་དབང་ཡོད་པ་མ་རེད། གང་ཡིན་ཟེར་ན། ཁོང་ཚོའི་ཚོར་བ་དེ་ང་ཚོས་མྱོང་གི་ཡོད་མ་རེད། མི་མང་པོ་ཞིག་གིས་སོ་སོའི་སྒེར་གྱི་དཀའ་ངལ་དང་འབྲེལ་བ་ཡོད་སྐོར་བཤད་ཀྱི་ཡོད་རེད། ཡིན་ན་ཡང་དེ་འདྲ་རྩ་བ་ནས་མ་རེད། ཆོས་བྱེད་དབང་མེད་པས་རེད་ཟེར་མཁན་ཡང་འདུག་མོད། དེ་ཡང་མ་རེད། ཆོས་བྱེད་འདོད་ན། རྒྱ་གར་དུ་བྲོས་བྱོལ་ལ་ཡོང་ན། ཚང་མ་གཞོན་སྐྱེས་རེད། ཡོང་ཐུབ་ཀྱི་རེད། ཀིརྟི་དགོན་པར་མཚོན་ན་འདིར་དགོན་པ་ཡོད་པ་རེད་ལ། བླ་མ་ཡང་འདིར་ཡོད་པ་རེད། རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་དགོས་དོན་གཙོ་བོ་དེ་རྒྱ་ནག་གིས་ཆོས་དང། རིག་གཞུང་། ཡུལ་སྲོལ་གོམས་གཤིས། སྐད་ཡིག། ཁོར་ཡུག་ཚང་མར་གཏོར་བཤིག་བཏང་སྟེ། བོད་མི་རིགས་རྩ་སྟོང་ལ་གཏོང་འཆར་གྱི་སྲིད་ཇུས་དེ་དག་ཁོང་ཚོས་མཐོང་གི་ཡོད་པས་རེད། བོད་མི་ཚང་མར་ལས་ཀ་མེད་པར་ལམ་ཟུར་གྱི་སྤྲང་པོ་ནང་བཞིན་བཟོ་ཡི་ཡོད་རེད། གནས་སྟངས་དེ་ཚོ་ཚང་མ་ཁོང་ཚོས་ཤེས་ཀྱི་ཡོད་པ་རེད། དེར་བརྟེན། བོད་ནང་གི་བོད་མི་ཚོར་ལམ་ཁ་གཞན་ཐབས་ཤེས་ཡོད་པ་མ་རེད། སྔོན་མ་ཡིན་ན་བལ་ཡུལ་ནས་མེ་མདའ་ཁུར་འགྲོ་ན་འགྲིག་གི་རེད། སོ་སོ་མེ་ལ་སྦར་བ་ལས་ང་ཡིན་ན་མེ་མདའ་ཁུར་ནས་འགྲོ་ས་རེད། ཡིན་ན་ཡང་དེང་སང་ང་ཚོ་ལ་ལམ་ཁ་དེ་ཡོད་མ་རེད། ལམ་ཁ་དེ་མེད་པ་ལ་ཡང་ཕྱོགས་གཅིག་ནས་མཐུན་རྐྱེན་ཡོད་མ་རེད་ལ། ཕྱོགས་གཅིག་ནས་ང་ཚོས་འཚེ་མེད་ཞི་བའི་ལམ་དེ་བཤད་རྒྱུ་མང་དྲགས་ནས། དེ་བརྒལ་ན་འགྲིག་ཐབས་ཡོད་མ་རེད་བསམ་གྱི་ཡོད་པ་རེད།
ལས་འགུལ་དེ་མུ་མཐུད་བྱས་ན་འགྲིག་ཡོད་མེད་བཤད་མི་ཤེས་ཀྱང། ང་རང་གིས་གནད་དོན་དེར་བལྟ་དུས་ཧ་ལས་པའི་བློ་ཁོག་ཆེན་པོ་འདུག འཛམ་གླིང་ཐོག་འདི་འདྲ་དཀོན་པོ་རེད། བྱང་ཨ་ཧྥི་རི་ཀའི་ནང་དུ་མི་གཅིག་གིས་སོ་སོ་ལ་མེར་སྦར་ཏེ་ཤི་བ་རེད། དེ་ཡང་ཉེན་རྟོག་པས་ཉེས་རྡུང་གཏོང་ས་ནས་རེད། ང་ཚོའི་རང་ལུས་མེར་བསྲེག་གཏོང་མཁན་ཚོར་ཉེན་རྟོག་པས་ཉེས་རྡུང་བཏང་ནས་བྱུང་མ་རེད། ཡིན་ན་ཡང་ཁོང་ཚོས་གནས་ཚུལ་རྒྱ་ཆེ་ས་ནས་བསམ་བློ་བཏང་ནས་ལས་ཀ་བྱེད་ཀྱི་ཡོད་རེད། དེར་བརྟེན། དེ་བོད་པའི་གཟི་བརྗིད་རེད། དེ་འདྲའི་ལས་འགུལ་གཟི་བརྗིད་ཆེ་བ་ཞིག་བྱས་པ་མ་ཟད། རྒན་གཞོན་ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་ལས་འགུལ་དེ་སྤེལ་བ་རེད། དེ་ཡང་འགོ་བཙུགས་མཁན་དཔའ་བོའི་ཐུབ་བསྟན་དངོས་གྲུབ་རེད། ལས་ཀ་དེ་འུ་ཐུག་པའི་ལས་ཀ་དང་། ཕྲུ་གུའི་ལས་ཀའི་བཟོ་འདྲ་བོ་མ་རེད། ལས་ཀ་གཏིང་ཟབ་པོ་ཞེ་དྲག་རེད། འུ་ཐུག་ན་དེ་འདྲ་རང་བྱེད་ཀྱི་མ་རེད།
དྲི་བ། རྒྱལ་ཁབ་གཞན་གྱི་ངོ་རྒོལ་གྱི་ལས་འགུལ་དང་བསྡུར་བ་ཡིན་ན། ང་ཚོའི་ལས་འགུལ་འདིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་ནུས་པ་ག་ཚོད་ཅིག་ཐོན་གྱི་ཡོད་རེད།
ལན། ང་ཚོའི་ལས་འགུལ་དེ་རྒྱལ་ཁབ་གཞན་གྱི་ངོ་རྒོལ་གྱི་ལས་འགུལ་གྱི་ཚད་ལ་སླེབས་པ་མ་ཟད། སྔོན་མ་ནས་དེ་ལས་བརྒལ་ཡོད་རེད། ང་ཚོས་འཛིང་ས་གཅིག་པུ་ནས་མི་ག་ཚོད་མང་པོ་ཤི་ཡོད་རེད། ཨབ་གྷན་སུ་ཐན་གྱིས་སྔོན་མ་ཨུ་རུ་སུར་འཛིང་དུས་ཨུ་རུ་སུའི་དམག་ཁྲི་གསུམ་མ་གཏོགས་ཡོད་མ་རེད། བོད་པའི་སྨར་ཁམས་གཅིག་པུར་རྒྱ་ནག་གི་དམག་མི་ཁྲི་༧ ལྷག་ཡོད་པ་རེད། ཡིན་ན་ཡང་ལོ་རྒྱུས་ཐོག་ཞེ་དྲག་འཛིང་ཡོད་རེད། ཡང་ཕྱོགས་གཞན་ཞིག་ནས་ང་ཚོའི་གནས་ཚུལ་དེ་ཚགས་ཤོག་དེ་འདྲའི་སྒང་ལ་ཤུགས་ཆེན་པོ་སླེབས་མ་ཐུབ་པ་དེ། འཛམ་གླིང་གི་རྒྱལ་ཁབ་ཚོ་ཚོང་འབྲེལ་དང་། དེ་འདྲའི་ཐོག་ནས་རྒྱ་གཞུང་ལ་བསྟུན་དགོས་ཀྱི་ཡོད་རེད། དེ་སྔོན་མ་ནས་དེ་ག་རང་རེད། རྒྱ་ནག་མི་འབོར་མང་པོ་ཡིན་དུས་དེ་ལ་བཙོང་རྒྱུ་ཞིག་བསམ་བློ་གཏོང་གི་ཡོད་རེད། ཡིན་ན་ཡང་ཁ་སྙན་པོ་བཤད་དེ་རྒྱབ་སྐྱོར་ཡོད། བོད་པ་ཁྱེད་རང་ཚོས་འཇོན་གྱི་མི་འདུག་ཟེར་ནས་བཤད་མཁན་གྱི་ཕྱི་རྒྱལ་བ་མང་པོ་ཡོད་རེད།
ང་ཚོ་བོད་པ་ལ་ཆ་བཞག་ན་ཡང་འགོ་ཁྲིད་ཚོས་ག་དུས་ཡིན་ན་ཡང་མི་མང་ལ་རྡོག་རྩ་ཆིག་སྒྲིལ་མེད་སྐོར་གྱི་བཀའ་བཀྱོན་གཏོང་གི་ཡོད་རེད། རྡོག་རྩ་ཆིག་སྒྲིལ་འགྲིག་ཐག་ཆོད་ཡོད་རེད། ཨབ་གྷ་ནི་སུ་ཐན་དང་། རྒྱ་གར། རྒྱ་ནག་ལ་ལྟོས་དང་བོད་པ་ཡག་ཐག་ཆོད་རེད།
ཨ་རིའི་ནིའུ་ཡོག་ལ་ཆ་བཞག་ན་བོད་པ་མང་པོ་མ་རེད་ཁྲི་གཅིག་ཙམ་མ་གཏོགས་ཡོད་མ་རེད། ཡིན་ན་ཡང་སྐད་འབོད་བྱེད་སྐབས་ཕྱི་རྒྱལ་བའིི་སྐད་འབོད་སྐབས་ཀྱིི་གྲངས་ཀ་ལས་མང་བ་སླེབས་ཀྱི་ཡོད་རེད། རྒྱ་མི་ཚོས་བོད་པ་ནང་བཞིན་གྱི་སྐད་འབོད་གཞི་རྒྱ་ཆེན་པོ་ནམ་ཡང་རྒྱག་མྱོང་ཡོད་མ་རེད། དངོས་གནས་བྱས་ན་རྒྱ་མི་ང་ཚོ་ལས་ལྡབ་འགྱུར་སྟོང་འགྱུར་གྱི་མང་བ་ཡོད་རེད། ཡིན་ན་ཡང་སོ་སོའི་ལུང་པའི་མང་གཙོའི་ཆེད་ཉི་མ་གཅིག་ལ་སྐད་རྒྱག་མྱོང་ཡོད་མ་རེད། དེ་ཚོ་དང་བསྡུར་ནས་བཤད་ན་བོད་པ་ཧ་ཅང་གི་རྡོག་རྩ་ཆིག་བསྒྲིལ་རེད། ངས་ག་དུས་ཡིན་ན་ཡང་བོད་པ་དེ་མཉམ་རུབ་ཀྱི་ལས་ཀ་བྱེད་ཐུབ་མཁན་ཞིག་རེད་བསམ་ནས་སྤོབས་པ་སྐྱེས་ཀྱི་ཡོད། ཕྱི་རྒྱལ་ལ་སླེབས་ན་ཡང་ང་བོད་པ་མིན། ང་ཨ་མི་རི་ཀ་ཡིན་ཟེར་མཁན་སུ་གཅིག་ཡོད་པ་མ་རེད། བོད་པ་མི་གཤིས་བརྟན་པོ་རེད། དེར་བརྟེན། རྒྱ་ནག་ནང་ལ་གནས་ཚུལ་འགྱུར་བ་འགྲོ་བཞིན་ཡོད་པས། ང་ཚོ་ལ་ཐབས་ལམ་ཏན་ཏན་ཡོད་རེད། ང་ཚོས་རྒྱ་ནག་ལ་ན་ཚ་གཏོང་བ་ཞིག་བཟོ་དགོས་ཀྱི་ཡོད་རེད། དཔལ་འབྱོར་དང་། ཁྲིམས་ལུགས། གློག་བརྙན་སོགས་ཀྱི་ཐད་ནས་ང་ཚོས་རྒྱ་ནག་ལ་གནོད་པ་བྱ་རྒྱུ་མང་པོ་ཡོད་རེད།
དྲི་བ། རྒྱ་ནག་གི་བཟོ་གྲྭ་དང་དཔལ་འབྱོར་བཀག་འགོག་གི་ཆེད། རྒྱ་ནག་གི་ཅ་ལག་ཉོས་ན་མི་འགྲིག་པའི་སྐོར་ལ་ཁྱེད་རང་གིས་སྔོན་མ་དེབ་ཅིག་ཀྱང་བཏོན་ཡོད་རེད། ཡིན་ན་ཡང་ང་ཚོའི་མི་འབོར་ཉུང་ཉུང་རེད། དེར་བརྟེན། ལས་འགུལ་དེར་རྒྱབ་སྐྱོར་འཚོལ་ཕྱོགས་ཀྱི་ཐབས་ལམ་གང་ཡོད་རེད་དགོངས་ཀྱི་ཡོད།
ལན། རྩ་བས་མི་ཉུང་ཉུང་ཡིན་ན་ཡང་ལས་འགུལ་དེར་རྒྱབ་སྐྱོར་འཚོལ་ཕྱོགས་གཅིག་ཕྱི་རྒྱལ་ལ་ཆ་བཞག་ན་གློག་བརྙན་ཞིག་སྟོན་རྒྱུ་འདུག སྔོན་མ་ང་ཚོས་ཀྱང་གློག་བརྙན་གྱི་ལམ་ནས་རྒྱ་ནག་གི་ཅ་ལག་ཉོས་ན་མི་འགྲིག་པའི་སྐོར་གྱི་གཏམ་བརྗོད་ཀྱི་བཟོ་འདྲ་བོ་འཁྲབ་པ་ཡིན། ཐབས་ལམ་གཅིག་དེ་རེད། ད་དུང་ང་ཚོས་ལམ་ཁ་གསར་པ་མང་པོ་ཞིག་འཚོལ་གྱི་ཡོད། ང་ཚོ་བོད་པའི་གོམས་གཤིས་ལ་སྐྱོན་ཞིག་ཡོད་པ་རེད། མ་ཎི་བགྲངས་པ་ལྟར་ལས་ཀ་གཅིག་ག་དུས་ཡིན་ན་ཡང་བྱེད་ཀྱི་ཡོད་རེད། དངོས་གནས་བྱས་ན་ཐབས་ལམ་མང་པོ་ཡོད་རེད། རྩ་བས་ལས་འགུལ་དེར་རྒྱབ་སྐྱོར་བྱ་མཁན་འདུག་ལ་ངོ་རྒོལ་བྱེད་མཁན་ཡང་མང་པོ་འདུག གང་ཡིན་ཟེར་ན་བོད་གཞུང་ནས་དེ་འདྲ་མ་བྱེད་གསུངས་ཀྱི་ཡོད་རེད། སྔོན་མ་རྒྱ་ནག་གི་ཅ་ལག་ཉོ་མི་ཆོག་པའི་ལས་འགུལ་སྤེལ་ན་འགྲིག་གི་མ་རེད་ཟེར་ནས་ཤུགས་ཆེན་པོ་བཤད་མཁན་ཡོད་རེད། རྒྱ་ནག་བཀང་ཏུང་ལ་མི་འབུམ་མང་པོས་ལས་ཀ་མ་རག་ནས་ལྷག་ཡོད་རེད། དེ་ཚོས་ག་རེ་བྱེད་དགོས་ཟེར་ནས་བཤད་པ་རེད། དངོས་གནས་བྱས་ན་དེར་ང་ཚོར་ཇུས་གཏོགས་ཡོད་མ་རེད། རྒྱ་ནག་ནང་བརྟན་པོ་མེད་དུས་དཀྲུག་དགོས་ཀྱི་ཡོད། མན་ཇུའི་གོང་མ་ཉམས་རྒུད་དུ་སོང་བ་རེད། གུང་ཁྲན་ཏང་ཡང་ཉམས་རྒུད་དུ་འགྲོ་བཅུག་དགོས་ཀྱི་ཡོད་རེད། གང་ཡང་ཧང་སང་རྒྱུ་ཡོད་མ་རེད།
གཅིག་བྱས་ན་གུང་ཁྲན་ཏང་ཉམས་ཆག་ལ་སོང་ན་ཡང་། རྒྱ་ནག་གི་དཔོན་པོ་གང་ཞིག་གིས་བོད་བཟུང་བསྡད་པ་ཡིན་ན་སེམས་པ་སྐྱོ་དགོས་པའི་གནས་ཚུལ་རེད། དེ་འདྲ་ཡོང་སྲིད་ཀྱི་རེད། དེ་ལས་ད་ལྟ་ནས་རྒྱ་མི་ཕུད་ཐབས་ཀྱི་བསམ་བློ་གཏོང་དགོས་ཀྱི་ཡོད་རེད། ང་ཚོ་ལ་དམག་སྒར་འདྲ་བོ་ཞིག་ནི་ཡོད་རེད། ད་དུང་མི་དགོས་ཀྱི་ཡོད་ན་འགྲོ་དགོས་པ་རེད། ཐབས་ལམ་ག་རེ་ཡོད་ན་བེད་སྤྱད་དགོས་ཀྱི་ཡོད་རེད། ངས་བསམ་པར་ང་ཚོ་ལ་གོ་སྐབས་ཤིག་ཤར་གྱི་རེད་བསམ་གྱི་ཡོད། ད་ལྟའི་ཆར་ང་ཚོ་ལ་དུས་ཚོད་ནག་ཤོས་དེ་ཆགས་ཡོད་པ་རེད། ཡིན་ན་ཡང་འཇིགས་སྐུལ་དྲག་སྤྱོད་པའི་ལས་ཀ་དེ་བྱེད་རྒྱུ་ཡོད་མ་རེད། དམག་དང་འབྲེལ་བ་མེད་པའི་བུད་མེད་དང་བྱིས་པ་དེ་ཚོ་སྡེབ་གསོད་གཏོང་རྒྱུ་ཡོད་མ་རེད། དེ་ལ་ངོ་རྒོལ་ཡོད།
དྲི་བ། རྒྱ་ནག་གི་སྲིད་བློན་ཝིན་ཅཱ་པོས་ཆབ་སྲིད་ལ་འགྱུར་བ་གཏོང་དགོས་སྐོར་བཤད་ཀྱི་ཡོད་རེད་ལ། དེ་ནང་བཞིན་རྒྱ་ནག་གི་འགོ་ཁྲིད་གསར་པ་སླེབས་ཀྱི་ཡོད་དུས། དེས་རྒྱ་ནག་གི་ཆབ་སྲིད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ཀྱི་རེད་དགོངས་ཀྱི་ཡོད་དམ།
ལན། གནས་ཚུལ་དེའི་རིགས་དེ་ཕྱི་རྒྱལ་གྱི་མཁས་པ་དང་ཉམས་ཞིབ་པ་ཚོ་ཡིན་ན་ཐག་བཅད་ནས་བཤད་ཀྱི་མ་རེད། ཡིན་ན་ཡང་ངས་སྐད་ཆ་དྲང་པོར་བཤད་ན་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་རྒྱུའི་རེ་བ་གང་ཡང་ཡོད་པ་མ་རེད། གང་ཡིན་ཟེར་ན། རྩ་བའི་ཆབ་སྲིད་ཀྱི་སྒྲོམ་གཞི་དེ་ག་རང་རེད། མི་ཡག་རྩོག་གི་སྐད་ཆ་ཞིག་མ་རེད། རྩ་བའི་སྒྲོམ་གཞི་ལ་འགྱུར་བ་གཏོང་རྒྱུ་ཁག་པོ་རེད། རྒྱ་ནག་ནང་ལ་གོད་ཆག་ཆེན་པོ་བྱུང་ན་མ་གཏོགས་གཞན་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་འགྲོ་ཡི་མ་རེད། རྩ་བས་ལུང་པ་མང་པོ་ཞིག་གི་ནང་ལ་འགྱུར་བ་བྱུང་ཡོད་རེད། ཨུ་རུ་སུའི་འདྲ་བོ་ཡིན་ན་སྔོན་མ་འགྱུར་བ་ཞིག་འགྲོ་དུས་སྔོན་མའི་ཨུ་རུ་སུ་དང་། ད་ལྟའི་ཨུ་རུ་སུ་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་རེད། སྐབས་དེའི་ཨུ་རུ་སུའི་གྲོས་ཚོགས་ནང་ལ་མི་སྐད་གྲགས་ཆེན་པོ་དེ་འདྲ་ཡོད་རེད། ཡིན་ན་ཡང་ཁག་པོ་བྱུང་ཡོད་རེད། མང་གཙོ་ལམ་ལུགས་ཡག་པོ་ཞིག་གི་རྨང་གཞི་འཇོག་ཐུབ་ཡོད་མ་རེད། རྒྱ་ནག་ནང་ལ་མི་དེ་འདྲའི་བཟོ་གཅིག་ཀྱང་ཡོད་མ་རེད། ཏོག་ཙམ་མང་གཙོའི་བསམ་བློ་ཡོད་མཁན་ཚོ་ཕྱིར་ཕུད་བཏང་ཚར་བ་རེད། དེ་བཞིན་གྲོས་ཚོགས་ཡོད་མ་རེད། འཛམ་གླིང་ན་རྒྱལ་ཁབ་ཀྱི་གྲོས་ཚོགས་མེད་ས་བྱང་ཀོ་རི་ཡ་དང་རྒྱ་ནག་གཅིག་པུ་རེད། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཟེར་བ་དེ་གྲོས་ཚོགས་མ་རེད། དེ་ལ་དབང་ཆ་ཞིག་ཡོད་པ་མ་རེད། དེ་འདྲ་ཞིག་གིས་མང་གཙོ་ཟེར་བ་དེ་ཡོང་རྒྱུ་ཁག་པོ་རེད། ང་ཚོ་བོད་ལ་མཚོན་ན་ལོ་མང་པོའི་རིང་རྒྱ་གར་ལ་བསྡད་པ་རེད། ཡིན་ན་ཡང་མང་གཙོ་ཚད་ལྡན་ཞིག་བྱུང་ཡོད་མ་རེད། དེར་བརྟེན། དེ་ལ་རེ་བ་ནམ་ཡང་བྱེད་ཀྱི་ཡོད་མ་རེད་བསམ་གྱི་ཡོད། ངས་མི་རིགས་དབྱེ་འབྱེད་མིན། ཡིན་ན་ཡང་རྒྱ་ནག་མི་རིགས་ལ་བདེན་པ་དང་དྲང་པོའི་ཐོག་ལ་འགྲོ་རྒྱུའི་བསམ་བློ་ཡོད་མ་རེད། བོད་པ་སུ་ཡིན་ན་ཡང་གལ་ཏེ་རང་བཙན་གྱི་བསམ་བློ་མེད་ན་ཡང་རྒྱ་ནག་མཉམ་དུ་འཆམ་པོ་བྱ་རྒྱུའི་བསམ་བློ་མ་གཏོང་། དེ་ལས་ཐག་རིང་ས་ཞིག་ལ་འབྲོ་རྒྱུའི་བསམ་བློ་ཐོངས་ཟེར་རྒྱུ་དེ་ཡིན། དེ་ཡག་ཤོས་རེད། མི་མང་པོ་ཞིག་གིས་རིག་གནས་གསར་བརྗེ་ཡང་བསྐྱར་ཡོང་ས་རེད་ཟེར་གྱི་འདུག ཡིན་ན་ཡང་ད་ལྟ་རྒྱ་ནག་གི་བྱེད་སྟངས་ལ་བལྟས་ན། རིག་གནས་གསར་བརྗེ་ལས་སྡུག་པ་ཆགས་ཀྱི་རེད། །
༢༠༡༢ ལོའི་ཕྱི་༦ ཚེས་༢༦ ཉིན་བཅར་འདྲི་བྱས།