ཁྱད་ལས་དྭང་བླངས་ཞབས་ཞུ་པ་ཤེས་རབ་མཚོ་མོར་བཅར་འདྲི།

sherab tsomoསྤྱི་ཚོགས་ལ་ཕན་པའི་དྭང་བླངས་ཐོག་ལས་ཀ་བྱེད་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག། བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུའི་ལས་གཞི་དེ་བོད་པའི་ཁྱད་ལས་པ་ཚོར་སློབ་སྦྱོང་བེད་སྤྱོད་བྱེད་སའི་སྡིངས་ཆ་དང་གོ་སྐབས་ཡག་པོ་ཞིག་མཐོང་གི་འདུག་ཅེས་གསུངས་སོང་།

ཤེས་རབ་མཚོ་མོ་ནི་རྒྱ་གར་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ནས་ཡིན་པ་དང། རྒྱ་གར་ནང་འཛིན་རིམ་བཅུ་གཉིས་སློབ་མཐར་ཕྱིན་འདུག ཕྱི་ལོ་༡༩༩༧ ལོར་ནང་མི་ཆ་ཚང་ཨ་རིར་གནས་སྤོས་བྱས་པ་དང་དེར་ཚོང་དང་རྩིས་རིག་སྐོར་ལ་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱས་ཏེ་ཨ་རིའི་མངའ་སྡེ་མཱེ་ནི་སོ་ཊ་རུ་གཞུང་གི་ཁྲལ་བསྡུ་སྡེ་ཚན་ནང་ལས་ཀ་བྱེད་མྱོང་བ་དང། ད་ལྟ་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱེད་བཞིན་པ་དང་། སྒེར་གྱི་ཚོང་ལས་དེ་འདྲའི་རྩིས་ཞིབ་ཀྱང་བྱེད་མྱོང་ཡོད་པ་རེད། ཁོང་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུའི་ནང་ཕྱག་ལས་གནང་མཁན་དང་པོ་དེ་ཡིན་པ་རེད།

དྲི་བ། ཁྱེད་ཀྱིས་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་(Tibet Corps) སྐོར་ག་འདྲ་བྱས་ནས་ཧ་གོ་སོང། དྭང་ཞབས་པར་འཛུལ་ཞུགས་བྱ་དགོས་པའི་དམིགས་ཡུལ་དང་དགོས་པ་གང་ཡིན་ནམ།
ལན། སྤྱིར་བཏང་ང་རང་སྒེར་དོན་ཆེད་དྷ་སར་ཡོང་བ་ཡིན། གུང་སེང་སྐབས་དེར་ལས་ཀ་དམིགས་བསལ་གང་ཡང་མེད་པས། དེར་རང་ནུས་འཇོན་ཚོད་ཀྱིས་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་ལས་ཀ་ཞིག་བྱ་ཐུབ་ན་བསམ་སྟེ། སྐད་ཆ་དྲིས་སྐབས། བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་ཞིག་ཡོད་པ་ཧ་གོ་སོང་།  ༧རྒྱལ་བ་རིན་པོ་ཆེ་གཙོས་ང་ཚོའི་བཙན་བྱོལ་བོད་གཞུང་དེ་བོད་མི་ཚང་མ་ལ་བཀའ་དྲིན་ཆེན་པོ་ཡིན་པ་བཞིན་ང་རང་ལའང་དེ་ལྟར་ཚོར་སྣང་ཤུགས་ཆེན་པོ་ཡོད། དུས་རྒྱུན་བོད་པ་དང་བོད་པའི་སྤྱི་ཚོགས་ལ་ཕན་པའི་ལས་ཀ་དེ་འདྲ་བྱ་འདོད་ཡོད་པས་ཡོང་བ་ཡིན

དྲི་བ། ཁྱེད་རང་གི་རྩིས་ཞིབ་ལས་ཁང་ཁང་དྭང་བླངས་ཞབས་ཞུའི་དུས་ཡུན་ཟླ་བ་གསུམ་དེ་རྫོགས་ལ་ཉེ་བ་རེད། དེའི་རིང་དམིགས་ཡུལ་གཞིར་བཟུང་འགྲུབ་སོང་བསམ་གྱི་ཡོད་དམ།
ལན། སྤྱིར་བཏང་ཨ་རིར་རྩིས་ཞིབ་ཀྱི་ལས་ཀའི་འགྲོ་སྟངས་དང་ང་ཚོའི་བོད་གཞུང་གི་རྩིས་ཞིབ་འགྲོ་སྟངས་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པའི་མཐོང་སྣང་བྱུང་། ང་རང་ལ་ཆ་མཚོན་ན་ཟླ་བ་གསུམ་རིང་དུས་ཚོད་ཆུད་ཟོས་སུ་མ་སོང་བར་ཕན་ཚུན་གཉིས་ཀར་ཕན་ཐོགས་གང་འཚམས་བྱུང་སོང་བསམ་གྱི་ཡོད། སྤྱིར་བཏང་ངས་ཕན་ཐོགས་ག་ཚོད་བྱུང་ཡོད་མེད་དེ་ངའི་ལས་རོགས་ཚོས་ཤེས་རྒྱུ་རེད། ཟླ་བ་གསུམ་དེའི་རིང་གཙོ་བོ་རྩིས་ཞིབ་ཀྱི་འགྲོ་སྟངས་(Auditing Manual) དང་ཨ་རིའི་ཁྲལ་བསྡུའི་ (Tax Collection) འགྲོ་སྟངས་ཀྱི་སྐོར་ལ་རོགས་པ་བྱས་པ་ཡིན། ང་རང་སྒེར་ལ་ཆ་མཚོན་ན་ད་བར་རྒྱ་གར་ནང་བོད་པའི་ཚོགས་པ་ཁག་དང་བོད་གཞུང་ནང་ལས་ཀ་བྱེད་མ་མྱོང་བས་གོ་སྐབས་འདི་བརྒྱུད་བོད་གཞུང་གི་ལས་ཀའི་འགྲོ་སྟངས་དང་འབྲེལ་བའི་སྐོར་ལ་སློབ་སྦྱོང་གསར་པ་མང་པོ་ཞིག་ཤེས་སོང།

དྲི་བ། རྩིས་ཞིབ་ལས་ཁང་དུ་དྭང་ཞབས་བྱེད་རིང་ལས་ཀ་བྱེད་སྟངས་ཐོག་ཞན་ཆ་དང་ཡར་རྒྱས་གཏོང་དགོས་པ་དེ་འདྲ་མཐོང་སོང་ངམ།
ལན། ང་ཚོའི་བོད་གཞུང་རྩིས་ཞིབ་ལས་ཁང་ནང་ལས་ཀ་བྱེད་ཕྱོགས་དེ་མང་ཆེ་བ་གློག་ཀླད་ཐོག་མ་ཡིན་པར་ཤོག་བུའི་སྒང་(Paper work) ལ་བྱེད་དགོས་ཀྱི་འདུག རྩིས་ཞིབ་བྱེད་སྐབས་དེབ་མཐུག་པོ་དེ་འདྲའི་ནང་རེ་རེ་བཞིན་ལྟ་དགོས་པ་དང། གློག་ཀླད་ཐོག་རྩིས་ཞིབ་བྱེད་སྐབས་རྩིས་ཀྱི་མཉེན་ཆས་ (Accounting Software) ཡག་པོ་དེ་འདྲ་མི་འདུག་པས། རྩིས་ཞིབ་ཀྱི་ཐབས་ལམ་དེ་ཡར་རྒྱས་གཏོང་དགོས་པ་མཐོང་སོང་ལ་དེའི་སྐོར་བསམ་ཚུལ་ཁ་ཤས་ཞུ་རྒྱུ་བྱུང་།

དྲི་བ། ཁྱེད་རང་བོད་མིའི་ཁྱད་ལས་དྭང་ཞབས་པ་དང་པོ་དེ་ཡིན་པས། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་པ་ཁྱད་ལས་པ་གང་འཚམས་ཡོད་པས་ཁོང་ཚོར་དམིགས་བསལ་བསམ་ཚུལ་ཞུ་རྒྱུ་ཡོད་དམ།
ལན། ༧རྒྱལ་བ་རིན་པོ་ཆེས་དུས་རྒྱུན་དུ་བོད་མི་ཚང་མས་སོ་སོའི་མི་རིགས་ཀྱི་དོན་དུ་འགན་འཁུར་ལེན་དགོས་སྐོར་བཀའ་སློབ་གནང་གི་ཡོད་པ་རེད། བོད་མིའི་ཁྱད་ལས་པས་ཞབས་ཞུའི་གོ་སྐབས་ལེན་དགོས་པ་གལ་ཆེན་པོ་མཐོང་གི་འདུག སྤྱི་ཚོགས་ལ་ཕན་ཐོགས་པ་ཙམ་མ་ཟད་སོ་སོ་སྒེར་ལའང་ཕན་ཐོགས་ཞེ་དྲག་ཡོང་རྒྱུ་རེད་བསམ་གྱི་འདུག སྐབས་རེ་ཕྱི་རྒྱལ་ལུང་པ་འདྲ་མིན་ལ་སླེབས་ཏེ་སོ་སོ་བོད་པ་ཡིན་པ་དང་བོད་པའི་སྤྱི་ཚོགས་ཀྱི་ཆེད་དུ་འགན་ཡོད་པ་དེ་དྲན་པ་བརྗེད་མཁན་ཡོད་པའི་མཐོང་སྣང་ཡོང་གི་འདུག། སོ་སོའི་མི་ཚེའི་ལྟོ་གོས་དོན་དུ་དཀའ་ལས་རྒྱག་དགོས་པ་དེ་གཅིག་པུ་གལ་ཆེན་པོར་མ་བརྩིས་པར། སྤྱི་ཚོགས་ལ་ཕན་པའི་དྭང་བླངས་ཐོག་ལས་ཀ་བྱེད་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག། བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུའི་ལས་གཞི་དེ་བོད་པའི་ཁྱད་ལས་པ་ཚོར་སློབ་སྦྱོང་བེད་སྤྱོད་བྱེད་སའི་སྡིངས་ཆ་དང་གོ་སྐབས་ཡག་པོ་ཞིག་མཐོང་གི་འདུག།

དྲི་བ། ཨ་རིར་ལས་ཀ་རྒྱུན་རིང་བྱས་ཏེེ་བོད་གཞུང་རྩིས་ཞིབ་ལས་ཁང་ནང་ལས་ཀ་བྱེད་སྐབས། དམིགས་བསལ་དཀའ་ངལ་འདུག་གམ།
ལན། བོད་གཞུང་གི་རྩིས་ཞིབ་དེ་བོད་སྐད་ཐོག་ནས་བྱེད་ཀྱི་ཡོད་པས་དེ་ཏོག་ཙམ་དཀའ་ངལ་འཕྲད་སོང། ང་རང་སྤྱིར་བཏང་ནས་བོད་ཡིག་ཡག་པོ་མེད་པ་མ་ཟད། ལོ་༡༥ ཙམ་གྱི་རིང་ཨ་རིར་སྡོད་སྐབས་བོད་ཡིག་ལ་ལྟ་ཀློག་ཕྲན་བུ་བྱེད་ཀྱི་ཡོད་ཀྱང་དམིགས་བསལ་སྦྱང་གོམས་ཆེན་པོ་མེད་པས། ད་དུང་རྩིས་ཞིབ་བྱེད་སྐབས་རྩིས་ཀྱི་སྐད་ཡིག་དུས་རྒྱུན་ཁ་སྐད་དང་མི་འདྲ་བས་དེ་གོ་བ་ལེན་རྒྱུར་དཀའ་ངལ་འཕྲད་སོང།

དྲི་བ། ཁྱེད་རང་གི་བོད་གཞུང་རྩིས་ཞིབ་ལས་ཁང་ནང་དྭང་བླངས་བྱེད་པའི་རིང་བོད་གཞུང་ལས་བྱེད་ཀྱིས་ལས་ཀ་བྱེད་སྟངས་ཀྱི་ཐོག་མཐོང་སྣང་གང་འདྲ་བྱུང་སོང།
ལན། ང་རང་གིས་བོད་གཞུང་ནང་ལས་ཀ་བྱས་པ་ཐེངས་དང་པོ་རེད། ངས་བོད་གཞུང་གི་སྐོར་གོ་ཐོས་གང་བྱུང་བ་དང་དངོས་སུ་རང་གི་མཐོང་བ་གཉིས་གཅིག་པ་རེད་མི་འདུག། སྔོན་མ་ཡིན་ན་བོད་གཞུང་གི་ལས་བྱེད་ཚོ་མང་ཆེ་བ་ཉི་མ་གང་འཁྱོལ་བྱེད་མཁན་རེད་ཅེས་ལབ་མཁན་དེ་འདྲ་བྱུང་མྱོང། དེ་འདྲ་རྩ་བ་ནས་རེད་མི་འདུག ང་རང་གིས་རྩིས་ཞིབ་ལས་ཁང་ནང་ལས་ཀ་བྱས་རིང་ལས་བྱེད་ཚང་མས་ལས་ཀ་ཡག་པོ་བྱེད་པ་མཐོང་བ་མ་ཟད། ལས་བྱེད་མང་ཆེ་བ་གཞོན་སྐྱེས་རྐྱང་རྐྱང་རེད་འདུག། །

༢༠༡༢ ལོའི་ཟླ་༦ ཚེས་༡༩ ཉིན་བཅར་འདྲི་བྱས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||