བོད་པའི་གྲྭ་པ་ཞིག་རྒྱ་ནག་ཉེན་རྟོག་པས་ལྐོག་གསོད།
བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་བྲག་དམར་སྡེ་པ་ནས་ཡིན་པ་བྱ་ཁྱུང་དགོན་པའི་དགེ་འདུན་པ་འཕེལ་རྒྱས་ཟེར་བ་ཞིག རྒྱ་ནག་གཞུང་གིས་ཉེན་རྟོག་པས་ལྐོག་གསོད་བྱས་པའི་ཕུང་པོ་རྙེད་སོན་བྱུང་ཡོད་འདུག
ཟླ་འདིའི་ཚེས་༢ ཉིན་གནས་ཚུལ་དེའི་སྐོར་རྒྱ་གར་ནང་གནས་སྡོད་བྱ་ཁྱུང་དགོན་པའི་དགེ་འདུན་པ་བསྟན་འཛིན་གྱིས་འགྲེལ་བརྗོད་གནང་དོན། ད་ནང་སྔ་དྲོ་ཉེན་རྟོག་ལས་ཁུངས་ནས་དགེ་འདུན་པ་བྲག་དམར་འཕེལ་རྒྱས་བཀྲོངས་རྐྱེན་ཤེས་རྟོགས་བྱུང་ཡོད་པ་དང་། དགེ་འདུན་པ་དེ་ནི་དགོན་པའི་དངུལ་གཉེར་ཡིན་སྟབས། ཉེན་རྟོག་པའི་དཔོན་པོ་རུས་མིང་ལ་མཱ་ཟེར་པ་ཞིག་གིས་མགོ་ལ་རས་ནག་པོ་དཀྲིས་ཏེ་བོད་ཟླ་༥ པའི་ཚེས་༡ ཕྱི་ཟླ་༦ པའི་ཚེས་༢༠ ཉིན་གྱི་མཚན་མཚན་མོ་དགེ་འདུན་པ་དེའི་གྲྭ་ཤག་ནང་ལ་སོང་ནས་དངུལ་སྤྲོད་ཤོག དངུལ་ཁང་གི་ལྡེ་མིག་ཁྱེར་ཤོག་ཅེས་བརྗོད་ཡོད་པ་རེད། སྐབས་དེར་བྲག་དམར་འཕེལ་རྒྱས་གྱིས་ཉེན་རྟོག་པ་དེ་ངོ་ཤེས་ནས་ཁྱོད་རང་སུ་ཡིན་ངས་ངོ་ཤེས་སོང་། ཁྱེད་ཀྱིས་དེ་འདྲ་མ་བྱེད་རོགས་ཞེས་བརྗོད་སྐབས་ཉེན་རྟོག་པ་དེས་དེ་མ་ཐག་བྲག་དམར་འཕེལ་རྒྱས་ཀྱི་ཁ་ནང་ལ་རས་བརྫངས་ཏེ་བསད་རྗེས། ས་དོང་ནང་གཡུག་ཡོད་པ་ར་སྤྲོད་བྱས་ཡོད་པ་རེད། ལག་དམར་དེའི་རུས་མིང་མཱ་ཡིན་པ་དང་དེ་སྔོན་དགོན་པར་རྒྱ་གཞུང་ལ་ངོ་རྒོལ་དོན་རྐྱེན་བྱུང་བ་ནས་བཟུང་། ཁོ་ཚོ་རྒྱུན་དུ་བྱ་ཁྱུང་དགོན་པར་ལྟ་རྟོག་བྱེད་མཁན་ཞིག་ཡིན་འདུག ད་ནངས་བོད་ནང་གི་ཆུ་ཚོད་༡༡ ཐོག་དགོན་པའི་ནང་ཚོགས་འདུ་འཚོགས་ཏེ་དགེ་འདུན་པ་ཁག་ཅིག་སྐུ་ཕུང་པོ་ལེན་དུ་འགྲོ་རྒྱུ་བྱས་ཡོད་འདུག་ཅེས་དང་། སྤྱིར་བཏང་༢༠༠༨ ལོའི་བོད་མིའི་ཡར་ལངས་དོན་རྐྱེན་བྱུང་རྗེས་ནས་བཟུང་མདོ་སྨད་བྱ་ཁྱུང་དགོན་པར་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་ཞིག་གཏན་སྡོད་བྱེད་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། གྲྭ་འཕེལ་རྒྱས་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་བྲག་དམར་སྡེ་པ་ནས་ཡིན་པ་དང་། བྱ་ཁྱུང་དགོན་པའི་དངུལ་གཉེར་ཡིན་འདུག དུ་རྒྱུན་ཁོང་ལ་བྲག་དམར་འཕེལ་རྒྱས་དང་དངོས་མིང་ལ་འཕེལ་རྒྱས་ཟེར་གྱི་ཡོད་པ་དང་། ཁོང་རང་ལོ་༤༣ ཡིན་པ་ཞིག་ཡིན་འདུག ཉེ་ཆར་དགོན་པ་ནས་བོད་ཟླ་ལྔ་པའི་ཚེས་༡ ནས་བོར་བརླགས་སོང་ཏེ་བདུན་ཕྲག་གཉིས་རིང་བཙལ་ནས་རྙེད་མེད་ན་ཡང་། ཕྱི་ཟླ་བདུན་པའི་ཚེས་༡ ཉིན་དགོན་པའི་ཉེ་འདབས་སུ་ཡོད་པའི་རྒྱ་གཞུང་ཉེན་རྟོག་ལས་ཁུངས་ཀྱི་ཟུར་དུ་ས་དོང་ཞིག་ནས་ཁོང་གི་ཕུང་པོ་ལག་སོན་བྱུང་ཡོད་པ་དང་། ས་གནས་ཉེན་རྟོག་པས་ཁོང་གི་སྐུ་ཕུང་དེ་མ་ཐག་ཟི་ལིང་གྲོང་ཁྱེར་དུ་བཙན་ཁྱེར་བྱས་འདུག ཁ་སང་ཕྱི་དྲོ་བྱ་ཁྱུང་དགོན་པའི་དགེ་འདུན་པ་༡༥༠ ཙམ་དང་བོད་རིགས་མང་ཚོགས་མང་པོ་ཞིག་རྫོང་ཉེན་རྟོག་ལས་ཁུངས་སྒོ་འགྲམ་དུ་སོང་ཏེ་ཉེན་རྟོག་པ་དང་མི་མང་བར་ཕན་ཚུན་ཁ་རྩོད་བྱུང་ཡོད་པ་མ་ཟད། དོན་རྐྱེན་དེའི་ཁྲོད་དགེ་འདུན་པ་ལོ་ཆུང་ཞིག་ལ་རྨས་སྐྱོན་ཡང་བཟོས་འདུག་ཅེས་སྐབས་ཐོག་དེར་ངོ་རྒོལ་ཁྲོད་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་སོང་།
ད་ལྟ་དོན་རྐྱེན་བྱུང་ས་དེར་རྒྱ་གཞུང་གི་དྲག་ཆས་དམག་མི་རླངས་འཁོར་ཆེ་ཆུང་༧༠ ནས་༩༠ ཙམ་ཞིག་འབྱོར་ཏེ་མི་མང་གི་མཐའ་བསྐོར་ནས་ཛ་དྲག་གི་གནས་སྟངས་འོག་གནས་ཡོད་པ་མ་ཟད། དགེ་འདུན་པ་ཚོས་དམག་མིའི་མདུན་དུ་ང་ཚོ་བོད་པའི་དགེ་འདུན་པ་ཞིག་འདི་ལྟར་ངན་གསོད་བྱེད་དགོས་དོན་གང་ཡིན་རྕོད་པ་ཤུགས་ཆེར་བརྒྱབ་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།།
མོན་གྷོ་གསར་འགོད་པས།