སི་རི་ཡར་ཉིན་༡༥ ནང་མི་༡༧༠༠ ལྷག་བསད་ཡོད་འདུག

སི་རི་ཡ་ལ་འདེམས་ཁ་གཅིག་མ་གཏོགས་ལྷག་མེད་པ་དང་། དེ་ནི་བཅིངས་གྲོལ་གྱི་དམག་འཐབ་བྱེད་རྒྱུ་དེ་རེད་ཅེས་ཨ་རབ་བརྙན་འཕྲིན་ཁང་གིས་བརྗོད་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢ ཉིན་སི་རི་ཡའི་ཕྱོགས་འགལ་གྱི་ཆབ་སྲིད་ཚོགས་པས་རྒྱལ་སྤྱིའི་ཞི་བའི་ལས་དོན་ལ་ངོ་རྒོལ་ཐོག་ངོས་ལེན་བྱས་པ་རེད། དེ་ཡང་ཕྱོགས་འགལ་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སི་རི་ཡར་དཀའ་རྙོག་ཆེ་རུ་འགྲོ་བཞིན་པའི་སྐབས། ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་ཞི་བའི་ལས་དོན་ལ་ཁ་གཡར་ནས་སི་རི་ཡའི་གནད་དོན་ལ། གྲུབ་འབྲས་མེད་ཁར་མུ་མཐུད་ནས་ཐེ་གཏོགས་བྱེད་བཞིན་པར་ངོ་རྒོལ་ཡོད་ཅེས་འཁོད་ཡོད་འདུག

བསྒྲགས་གཏམ་དེ་ནི་ཊར་ཀི་ཡི་དམག་དོན་ཁང་གིས་སི་རི་ཡའི་རྒྱལ་མཚམས་སུ་དམག་འཐབ་མཁའ་གྲུ་བཏང་བ་དང་། དེར་ཁ་གཏད་དུ་སི་རི་ཡའི་ཕྱོགས་ནས་ཐད་འཕུར་གནམ་གྲུ་བཏང་ནས། རྒྱལ་ཁབ་གཉིས་པོའི་རྒྱལ་མཚམས་སུ་འགལ་ཟླ་དང་དངངས་འཚབ་ཆེན་པོས། རྒྱལ་ཁབ་ཕན་ཚུན་ལ་དམག་འཁྲུག་ལངས་ཉེན་གྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་དང་བསྟུན་དེ་སྤེལ་ཡོད་པ་རེད།

སི་རི་ཡའི་རྒྱལ་ཡོངས་ལྷན་ཚོགས་ཞེས་པའི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཆེ་ཤོས་དེས་བརྗོད་དོན། ནུབ་ཕྱོགས་རྒྱལ་ཁབ་ཆེ་ཁག་གིས་སི་རི་ཡའི་རྒྱལ་དོན་ལ་ཐེ་ཇུས་བྱས་ནས། སྲིད་འཛིན་ཨ་ཟཱ་དཱ་ལ་ཞི་བའི་གྲོས་མོལ་ཐོག་རྒྱལ་ཁབ་འདིའི་གནད་དོན་སེལ་ཐུབ་པར་བཤད་དེ་སི་རི་ཡའི་མི་མང་མགོ་སྐོར་བཏང་སོང་ཞེས་སྐྱོན་བརྗོད་བྱས་ཡོད་པ་རེད།

རེས་གཟའ་སྤེན་པའི་ཉིན་སུད་སིའི་གྲོང་ཁྱེར་ཇེ་ནི་ཝ་རུ་རྒྱལ་སྤྱིའི་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། དེར་ནུབ་ཕྱོགས་རྒྱལ་ཁབ་ཚོས་སི་རི་ཡའི་དཀའ་ངལ་སྐོར་ལ་གྲོས་བསྡུར་བརྒྱུད། སྲིད་འཛིན་ཨ་ཟཱ་དཱ་ལ་གནོན་ཤུགས་སྤྲད་དེ་ལས་སྣེ་ནས་ཕྱིར་ཐོན་དགོས་པའི་གྲོས་འཆར་བྱུང་ཡོད་མོད། དེར་ཨུ་རུ་སུས་མོས་མཐུན་མ་བྱས་པར་བརྟེན། སྟོབས་ཆེན་རྒྱལ་ཁབ་ཁག་གི་བར་ཕྱོགས་ཁག་ཆགས་ཏེ་འགལ་ཟླ་ཡོང་གི་ཡོད་པ་རེད། ད་ལྟའི་ཆར་སི་རི་ཡའི་རྒྱལ་ཁབ་ནང་གཟའ་འཁོར་སྔ་མ་གཅིག་པུའི་ནང་མི་མང་༨༠༠ བསད་ཡོད་པ་དང་།

གཟའ་འཁོར་གཉིས་སམ་ཟླ་ཕྱེད་རིང་ཉུང་མཐར་མི་མང་༡༧༠༠ ལྷག་རྐྱེན་ལམ་དུ་ཤོར་ཡོད་པ་རེད་ཅེས་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཞིག་གིས་བརྗོད་ཡོད་པ་རེད། འདས་པའི་ཟླ་བ་༡༥ རིང་སི་རི་ཡའི་ནང་མི་གསོད་ཁྲག་སྦྱོར་ཁོ་ནས་ཟིང་འཁྲུག་ཆེན་པོ་ལངས་པ་དང་། ཨ་རི། ཧྥ་རན་སི། དབྱིན་ཡུལ་སོགས་ཀྱིས་སི་རི་ཡའི་གནད་དོན་སེལ་ཆེད་ཨུ་རུ་སུ་དང་གྲོས་མཐུན་བྱུང་མེད་པ་རེད། ཉེ་ཆར་ལྟ་སྐྱོང་གི་འཛིན་སྐྱོང་ཞིག་གསར་འཛུགས་ཐོག་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཁག་དང་། སྲིད་གཞུང་ཐུན་མོང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པ་ཞིག་ཟིན་བྲིས་བརྒྱབ་ནས། མང་གཙོའི་ལམ་དུ་བསྐྱོད་པའི་ཡིག་ཆ་ཞིག་གཏན་འབེབས་བྱས་ཡོད་པ་རེད། ཟིན་བྲིས་དེའི་ནང་སྲིད་འཛིན་ཨ་ཟཱ་དཱ་ཕྱིར་འབུད་གཏོང་དགོས་པ་དང་། གཞུང་གསར་པ་སྤྱི་མོས་ཀྱིས་འཛུགས་རྒྱུུ་ཞེས་འཁོད་ཡོད་པ་རེད།

ཡང་གནད་དོན་དེའི་ཐད་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧི་ལ་རི་ཁི་ལིན་ཊོན་གྱིས་བརྗོད་དོན། ཨ་ཟཱ་དཱ་རྩ་དགོངས་ལ་འགྲོ་དགོས་པ་རེད། ཁོང་ལག་དམར་བ་ཞིག་ཡིན་པས་སྤྱི་མོས་ཡོང་ཐབས་མེད་ཅེས་བརྗོད་ཡོད་ཀྱང། ཨུ་རུ་སུ་ཡིས་དེ་ཙམ་མོས་མཐུན་བྱེད་ཀྱི་མེད་མོད། སི་རི་ཡའི་བར་འདུམ་གྱི་གཞུང་ཞིག་འཛུགས་རྒྱུར་གྲོས་འཆར་བྱུང་བ་བཞིན་ཁས་ལེན་བྱས་ཡོད་པ་རེད། སི་རི་ཡའི་རྒྱལ་ཡོངས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་གྷ་ལི་ཡོན་གྱིས་བརྗོད་དོན། སི་རི་ཡའི་མི་མང་གིས་ཁོ་ཚོ་དམར་གསོད་གཏོང་མཁན་དང་གྲོས་མོལ་བྱེད་རྒྱུ་ནི་ཁྲེལ་དགོད་ཀྱི་ཡུལ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།

ཨ་རབ་བརྙན་འཕྲིན་ཁང་ནས་བརྗོད་དོན། སི་རི་ཡ་ལ་འདེམས་ཁ་གཅིག་མ་གཏོགས་ལྷག་མེད་པ་དང་། དེ་ནི་བཅིངས་གྲོལ་གྱི་དམག་འཐབ་བྱེད་རྒྱུ་དེ་རེད་ཅེས་བརྗོད་ཡོད་པ་རེད། སི་རི་ཡའི་གཞུང་གིས་གྲོས་འཆར་ཁག་ལ་ངོས་འཛིན་མེད་པར་ཕྱི་ལོ་༢༠༡༤ ལོའི་སྲིད་འཛིན་འོས་བསྡུ་བྱེད་ཕྱོགས་སྐོར་བརྗོད་ཀྱི་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བརྗོད་དོན་ལྟར་ན། རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས་སི་རི་ཡའི་གཞུང་མང་གཉིས་མོས་ཀྱི་གྲོས་འཆར་ཞིག་ཡོང་ཐབས་ལ་འབད་ཀྱི་ཡོད་པ་རེད། ཨུ་རུ་སུའི་གྲོས་འཆར་ལ་མོས་མཐུན་ཡོད་ཀྱང་། གནད་དོན་དེ་ཐག་གཅོད་ཐད་དབང་ཆ་ཆེ་ཤོས་ཀྱི་གྲས་ཡིན་དགོས་པའི་བརྡ་བཏང་ཡོད་འདུག །