བརྒྱ་བཤད་གཅིག་བདེན་གྱི་དྲིལ་བསྒྲགས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༣ ཕྱི་ལོ་ ༢༠༡༢/༧/༤
རྒྱ་དམར་དྲག་གཞུང་གིས་དུས་རྒྱུན་སྐྱག་རྫུན་ཁོ་ན་ལ་བརྟེན་པའི་དྲིལ་བསྒྲགས་ཀྱི་ཐབས་ལམ་ཞིག་བཟུང་ཡོད་ལ། རྒྱ་གཞུང་གསར་དུ་འགོ་བཙུགས་ནས་མི་ལོ་༦༠ ལྷག་བརྒལ་ཟིན་ཡང་ད་དུང་སྲིད་བྱུས་དེ་མུ་མཐུད་བཟུང་ཡོད།
སྐབས་རེ་གནས་ཚུལ་མི་འདྲ་བ་བརྒྱ་བཤད་ཀྱང་དེའི་ནང་དུ་བདེན་པ་གཅིག་ཙམ་ཡོད་མེད་ཀྱང་ཐེ་ཚོམ་རེད། རྒྱ་གཞུང་གི་འགོ་ཁྲིད་ཐོག་མ་མའོ་ཙེ་ཏུང་གིས་སྐྱག་རྫུན་ཞིག་ཡང་ཡང་ཚར་བརྒྱ་བཤད་ན་བདེན་པར་འགྱུར་གྱི་རེད་ཅེས་བཤད་པ་བཞིན། རྒྱ་དམར་དྲག་གཞུང་གིས་ཕྱི་ལ་སྐྱག་རྫུན་བཤད་སྟངས་དང། ནང་ལ་སྐྱག་རྫུན་བཤད་སྟངས་མི་འདྲ་བའི་སྲིད་བྱུས་ཤིག་བཟུང་ཡོད་པ་རེད།
ཉེ་ཆར་རྒྱ་གཞུང་གིས་“ཏཱ་ལའི་བླ་མས་ཡང་བསྐྱར་ངོ་འཕྲད་གྲོས་མོལ་གྱི་ལམ་བུ་བཀག་པ”ཞེས་པའི་བསྒྲགས་གཏམ་ཞིག་ཡེ་རྡོ་ཞེས་པའི་མིང་རྫུན་འོག་སྤེལ་སོང་བ་དང། དེ་ནི་སྐུ་ཚབ་གཉིས་དགོངས་པ་ཞུས་ནས་སྤེལ་བ་ཞིག་རེད། ཡིག་ཉོག་དེའི་ནང་“འགྱུར་བ་འདིའི་མཇུག་འབྲས་ནི་རྩ་བའི་ཆ་ནས་ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་བྱེད་པའི་རྨང་གཞི་གཏོར་བ་དང་། གྲོས་མོལ་བྱེད་པའི་གནད་དོན་ཐད་ཏཱ་ལའི་དཀའ་ངལ་ཆེན་པོར་འཕྲད་ཅིང་ནང་ཁུལ་ལ་འགལ་བ་མང་པོ་བྱུང་དུ་བཅུག་པ་རེད”ཅེས་དང། བཙན་བྱོལ་བོད་གཞུང་ལ་ནང་ཁུལ་མི་མཐུན་པའི་འགལ་ཟླ་ཡོད་ཚུལ་གྱིས་བོད་ནང་སེམས་ཤུགས་གཅོག་ཐུབ་པའི་རེ་བ་བཅངས་པ་ཡིན་ཡང། སྐུ་ཚབ་རྣམ་པ་གཉིས་ཀྱིས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་མི་མང་ལ་གསལ་བཤད་གནང་ཟིན།
ད་དུང་“སྲིད་གཞུང་བཅོས་མ་དེའི་མགོ་བ་གསར་བས་རྒྱ་རི་བློར་མི་འབབ་པ་དང་། རྒྱ་རིའི་ལག་ནང་གི་གྲོས་མོལ་དབང་ཆར་སྲེད་ཞེན་སྐྱེ་བཞིན་པ་ཁོ་རང་གིས་སྔ་མོ་ནས་ཕྱིར་བསྒྲགས་ཟིན་པ་རེད།”ཅེས་བཀའ་བློན་ཁྲི་པ་དང་རྒྱ་རི་རིན་པོ་ཆེའི་དབར་འགལ་ཟླ་ཡོད་པ་རྫུན་བཟོ་དང། དེ་ལ་བརྟེན་ནས་ལས་དོན་མཚམས་འཇོག་བྱས་པ་ཡིན་ཚུལ་ཡང་གླེང་ནས་གཞིས་ལུས་བོད་མི་རྣམས་རྩ་དོན་ཐད་སེམས་ཤུགས་གཅོག་ཐབས་དང། བཙན་བྱོལ་བོད་གཞུང་ལ་ཡིད་ཆེས་ཆུང་དུ་འགྲོ་རྒྱུའི་རེ་བ་བརྒྱབ་ཡོད་ཀྱང། བོད་རྒྱའི་དབར་བཟང་ཕྱོགས་ཀྱི་འབྲེལ་བ་མཚམས་ཆད་པ་གསལ་སྟོན་བྱས་པས། བོད་ནང་གི་བོད་མི་རྣམས་རྒྱ་གཞུང་ལ་ཞེན་པ་གཏིང་ནས་ལོག་པའི་ཆ་རྐྱེན་དུ་གྱུར་ཡོད།
རྒྱ་གཞུང་གིས་གནད་དོན་གང་གི་ཐོག་ནས་འཁྱོག་བཤད་དང་རྫུན་གཏམ་བཤད་ཀྱང། བོད་རྒྱའི་འབྲེལ་བའི་ཐོག་ནས་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གིས་གུ་ཡངས་དང་བསྟུན་མཁས་ག་ཚོད་བྱས་ཡོད་པ་འཛམ་གླིང་མི་མང་གིས་ཤེས་གསལ་ཡིན་ཞིང། རྒྱ་གཞུང་གིས་མཁྲེགས་འཛིན་མུ་མཐུད་བྱས་པ་དེ་བས་ཀྱང་གསལ་པོ་རེད། ལྷག་པར་རྒྱ་གཞུང་གིས་བོད་ལ་གདུག་རྩུབ་ཀྱི་སྲིད་བྱུས་བཟུང་བ་གསལ་སྟོན་ཆེད། བོད་མི་༤༠ ལྷག་གིས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཡོད་པ་དང། དེར་བརྟེན་རྒྱ་གཞུང་གིས་སྐྱག་རྫུན་གྱི་དྲིལ་བསྒྲགས་ག་ཚོད་བྱས་ཀྱང་བོད་རྒྱའི་འབྲེལ་ལམ་མཚམས་ཆད་པ་དེའི་ལེ་ཁག་སུ་ལ་ཡོད་མེད་ཧ་ཅང་གསལ་པོ་རེད།
བོད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་མེད་ཚུལ་བརྗོད་ཁུལ་གྱིས་“རྒྱལ་ཁབ་གང་གིས་ཀྱང་བཙན་བྱོལ་བོད་གཞུང་དང་ཀྲུང་གོའི་སྲིད་གཞུང་བར་གྲོས་མོལ་བྱེད་དགོས་པའི་སྐོར་བརྗོད་མྱོང་མེད་པ་རེད།”ཅེས་ངོ་ཚ་ཁྲེལ་ཡོད་བྲལ་བའི་སྐྱག་རྫུན་འདི་བཤད་འདུག ལོ་འདི་གཅིག་པུའི་ནང་དུའང་ཨ་རིའི་སྲིད་གཞུང་དང། ཡུ་རོབ་གྲོས་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག་མང་པོ་ཞིག་གིས་བོད་རྒྱའི་དབར་ཞི་བའི་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བྱས་ཡོད་ཀྱང། བོད་ནང་དུ་དེའི་རིགས་འགེབས་སྦས་ཆེད་སྐྱག་རྫུན་འདི་བཤད་པ་ཞིག་རེད། ཆ་འཕྲིན་གྱི་དུས་རབས་འདིར་དངོས་ཡོད་གནས་ཚུལ་སྦས་སྐུང་བྱ་ཐུབ་ཐབས་མེད་པ་ཞིག་རེད།
ཡང་“ཏཱ་ལའི་ཡིས་ཀྲུང་དབྱང་དང་གྲོས་མོལ་བྱེད་བསམ་མིན་དང་། སེམས་པ་ཚུར་འཁོར་མིན་ནི་ཁོ་དང་ཁོའི་མཐའ་འཁོར་གྱི་མི་རྣམས་ལ་མཚོན་ན་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ལས། ཀྲུང་དབྱང་ལ་མཚོན་ན་དོན་དངོས་སུ་དོན་ཆེན་པོ་ཞིག་མིན་པ་རེད།”ཟེར། ད་ལྟའི་སྲིད་བྱུས་འོག་བོད་རྒྱའི་འབྲེལ་བ་མུ་མཐུད་ན་རྒྱ་དམར་དྲག་གཞུང་ལ་ཁེ་ཕན་ཆེན་པོ་ཡོད་པ་ཚང་མས་ཤེས་གསལ་དང། རྒྱ་གཞུང་གིས་བཙན་བྱོལ་བོད་མི་རྣམས་ལ་གལ་ཆེན་པོ་ཡིན་པ་ལས། རྒྱ་གཞུང་ལ་གལ་ཆེན་པོ་ཞིག་མིན་ཞེས་གསལ་སྟོན་བྱས་ཁུལ་ཡང། ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་༧ པའི་ནང་སྐུ་ཚབ་དང་འཕྲལ་དུ་ཐུག་འཕྲད་དགོས་པའི་འབོད་སྐུལ་བྱས་པའི་རྒྱབ་ལྗོངས་ཁོ་ནའི་ཐོག་ནས་ཀྱང་ཤེས་ཐུབ།
བོད་ནང་རང་ལུས་མེར་སྲེག་གཏོང་བཞིན་པའང་བཙན་བྱོལ་བོད་མིས་རྒྱུད་སྐུལ་བྱས་ཚུལ་བརྗོད་བཞིན་ཡོད་ལ། ཁ་ནས་བཙན་བྱོལ་བོད་མི་རྣམས་ལ་ངན་ཁག་གཡོགས་པའི་ཁུལ་བྱས་པ་ཞིག་ཡིན་ཡང། དོན་དུ་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མིའི་ཤུགས་རྐྱེན་བོད་ནང་ག་ཚོད་ཡོད་པ་དེ་མཚོན་ཡོད། དོན་དམ་དུ་ང་གསོན་ནས་ཁྱེད་ཤི་དགོས་པའི་རྒྱུད་སྐུལ་འདི་རིགས་བྱེད་མཁན་ཡོད་སྲིད་པའི་དབང་དུ་བཏང་ཡང་ཉན་མཁན་ཡོད་མི་སྲིད་ལ། གཅིག་རྗེས་གཉིས་མཐུད་ཀྱིས་དེ་བས་ཀྱང་ཡོང་མི་སྲིད། རྒྱ་གཞུང་ལ་བོད་རྒྱའི་འབྲེལ་བ་འདི་གལ་ཆེན་པོ་དང། ཆབ་སྲིད་ཀྱི་ཁུར་པོ་ལྕི་ཤོས་ཤིག་ཏུ་གྱུར་ཡོད་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་རྒྱ་གཞུང་གི་བཤད་པ་དང་མི་འདྲ་བར་ད་ལྟའི་གནས་སྟངས་འདིའི་འོག་ནས་བོད་རྒྱའི་འབྲེལ་བ་མུ་མཐུད་ཉར་ན་བོད་པར་གྱོང་གུད་ལས་ཁེ་བཟང་གཏན་ནས་རག་མི་སྲིད་པའང་ཧ་ཅང་གསལ་པོ་རེད།།