ཨ་རིའི་རྩེད་འགྲན་པའི་སྒྲིག་ཆས་རྒྱ་ནག་ནས་བཟོས་འདུག
རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་དེ་ཟླ་རྗེས་མའི་ནང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་ཚུགས་རྒྱུ་ཡིན་པ་དང། ཨ་རིའི་རྩེད་འགྲན་པའི་སྒྲིག་ཆས་ཚང་མ་རྒྱ་ནག་ནས་བཟོས་ཡོད་པས། ཨ་རིའི་གྲོས་ཚོགས་ནང་དེའི་ཐད་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་བྱུང་ཡོད་པ་རེད།
ཟླ་འདིའི་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་ནང་ཨ་རིའི་ཆས་གོས་བཟོ་གྲྭ་ཁག་མང་པོ་ཞིག་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་འོག་ཡོད་པ་དེར་ཆ་འཇོག་མ་བྱས་པར། ཨ་རིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་གིས་རྩེད་འགྲན་པའི་སྒྲིག་ཆས་དང་སྤྱིར་བཏང་གི་གྱོན་གོས་བཟོ་རྒྱུའི་ལས་ཀ་རྒྱ་ནག་ནང་གི་བཟོ་གྲྭར་སྤྲད་པ་དེར་གླེང་སློང་མང་པོ་ཞིག་བྱུང་ཡོད་པ་རེད།
“ང་རང་བློ་ཕམ་ཞེས་དྲག་བྱུང་སོང། ང་ཚོའི་ཨ་རིའི་ཨོ་ལམ་པིག་ཚོགས་ཆུང་དེ་ངོ་ཚ་དགོས་པ་ཞིག་རེད། ངའི་བསམ་པར་རྒྱ་ནག་ནས་བཟོས་པའི་སྒྲིག་ཆས་ཆ་ཚང་སྤུངས་སྟེ་མེ་རྒྱག་དགོས་པ་དང་བསྐྱར་དུ་གསར་བཟོ་བྱེད་དགོས་ཀྱི་རེད།” ཅེས་གྲོས་ཚོགས་འཐུས་མི་ཧཱེ་རི་རིགས་ཀྱིས་གསུངས་འདུག
གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་འཐུས་མི་ནན་སི་པེ་ལོ་སིས་བདུན་རེའི་གསར་འགོད་གསལ་བསྒྲགས་ཞིག་གི་སར། ང་རང་ཨ་རིའི་ཨོ་ལིམ་པིག་རྩེད་འགྲན་པ་ཚོར་སྤོབས་པ་ཡོད། ཡིན་ཡང་ཁོང་ཚོས་རྩེད་འགྲན་བྱེད་སྐབས་སྒྲིག་ཆས་དེ་ཨ་རི་རང་གིས་བཟོས་པ་ཞིག་གྱོན་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
ཨ་རིའི་ཨོ་ལིམ་པིག་ཚོགས་ཆུང་གིས་གསལ་བསྒྲགས་ཞིག་གི་ནང་གྲོས་ཚོགས་འཐུས་མི་ཁག་གིས་བསྐྱོན་བརྗོད་དེ་དག་ནི་རྒྱུ་མཚན་མེད་པ་དང་ཕན་ཐོགས་མེད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག།
“ཨ་རིའི་ཨོ་ལིམ་པིག་རྩེད་འགྲན་རུ་ཁག་དེ་རྒྱལ་ཁབ་གཞན་དང་མི་འདྲ་བར་མི་སྒེར་དང་ཚོགས་པ་ཁག་གིས་འགྲོ་འགྲོན་ཆེད་སྦྱིན་བདག་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་སྒྲིག་ཆས་བཟོ་རྒྱུ་དེ་ཨ་རིའི་བཟོ་གྲྭ་རཱལ་ཕི་ལོ་རན་དང་མཉམ་འབྲེལ་བྱེད་ཐུབ་པ་དེར་དགའ་མོས་ཆེན་པོ་བྱུང་སོང་ཞེས་དང། མ་ཟད་སྦྱིན་བདག་རྣམས་བཀའ་དྲིན་ཆེན་པོ་ཡིན་”ཞེས་ཨ་རིའི་ཨོ་ལིམ་པིག་ཚོགས་ཆུང་གི་མགྲིན་ཚབ་པས་འགྲེལ་བརྗོད་བྱས་འདུག་ལ། ཨ་རིའི་ཨོ་ལིམ་པིག་གི་རྩེད་འགྲན་པའི་སྒྲིག་ཆས་བཟོ་རྒྱུ་དེ་ཨ་རིར་བརྟེན་གཞི་བྱས་པའི་བཟོ་གྲྭ་རཱལ་ཕི་ལོ་རན་ཞེས་པ་དེས་སྦྱིན་བདག་བྱེད་ཀྱི་ཡོད་པ་དང་། བཟོ་ལས་ཁང་དེས་སྒྲིག་ཆས་བཟོ་རྒྱུའི་ལས་ཀ་དེ་རྒྱ་ནག་གི་བཟོ་གྲྭ་ཞིག་ལ་སྤྲད་ཡོད་པ་རེད།
“ད་ལྟའི་ཆར་ཨ་རིའི་ནང་བཟོ་ལས་ཀྱི་ས་མིག་སྟོང་པ་འབུམ་དྲུག་ཙམ་ཡོད་པ་རེད། དེར་རྩིས་འཇོག་མ་བྱས་པར་རྒྱ་ནག་ནང་གི་བཟོ་གྲྭར་ལས་ཀ་སྤྲོད་པ་དེ་གླེན་པའི་བྱ་སྤྱོད་ཅིག་རེད་”ཅེས་གྲོས་ཚོགས་ཀྱི་འཐུས་མི་སཱི་ཊེ་ཝེ་ ཨ་སི་རཱལ་གྱིས་བརྗོད་ཡོད་པ་རེད།།