《རྒྱང་བཞུད་དང་འཕྲེང་སེམས》
གནམ་ངོ་དྭངས་ཤིང་སྤྲིན་དཀར་དལ་བུར་རྒྱུ།།
ཉི་མའི་འོག་གི་ལམ་ཆེན་རྒྱང་ལ་འཐེན།།
སུས་ཀྱང་ལམ་འདིའི་སྣེ་མོ་རྙེད་མི་འགྱུར།།
འོན་ཀྱང་བདག་ནི་བརྩོན་པས་མདུན་དུ་བསྐྱོད།།
འཁྲི་ཤིང་སྐྱེས་པ་ཇི་ལྟར་དྲང་ན་ཡང་།།
གང་དུ་ཆུ་བོ་ཡོད་དེར་ཕྱོགས་པ་མཐོང་།།
ལྟོ་གོས་གཞན་ལ་རྟེན་པའི་དབུལ་འཕོངས་བདག །
ད་ནི་མི་འདུག་འབད་པས་རྒྱང་དུ་བསྐྱོད།།
དྲག་ཆར་ཤུགས་དྲགས་བབས་པའི་རི་ཆུ་ཡིས།།
མདུན་གྱི་ལམ་ཕྲན་སྐེད་པ་གཅོད་ཀྱང་སྲིད།།
རྣམ་ཤེས་དང་ནི་འདུན་པ་མ་ཞིགས་བར།།
ཁོ་བོའི་གོམ་པ་སུ་ཡིས་བཟློག་པར་ནུས།།
འོན་ཀྱང་ཁྱེད་ཉིད་བརྗེད་པ་ག་ལ་སྲིད།།
ཁྱེད་ཀྱི་བརྩེ་སེམས་དེ་བས་བརྗེད་མི་ཐུབ།།
སྔོ་ལྗང་རི་བོ་རེ་རེ་བརྒལ་བ་ན།།
སེམས་ཀྱི་ཕྱེད་ཀ་ལུས་སོང་སྙམ་དུ་འཆར།།
རླངས་འཁོར་ལེ་བར་རེ་རེས་མདུན་དུ་རྒྱུག །
སེམས་ནི་སྐད་ཅིག་རེ་བཞིན་ཕྱིར་ལྡོག་བྱེད།།
དེ་སྔོན་ཁྱེད་དང་འགྲོགས་པའི་ཉིན་མཚན་དག །
ད་ལྟ་དྲན་གྱིན་མིག་ཆུ་དབང་མེད་ཤོར།།
ཀྱེ་ཧུད་ལུས་ངག་ཁྲིམས་ཀྱིས་བསྡམས་གྱུར་ཀྱང་།།
ཟོལ་མེད་བརྩེ་སེམས་སུ་ཡིས་འགོག་པར་ནུས།།
འོན་ཀྱང་ཡབ་ཆེན་དམ་པའི་ཞལ་གསུང་ལས།།
ལྡོག་པར་མི་ནུས་བདག་ནི་རྒྱང་དུ་བསྐྱོད།།
ཀུ་ཤུའི་དྲི་བསུངས་རྣམ་པར་ལྡང་བ་ན།།
འབྲས་ལྡན་སྟོན་ཀའི་དུས་ལ་སླེབས་པ་ཤེས།།
ཡུན་རིང་ཡིད་ཀྱི་མཛའ་མོ་ཁྱེད་ཉིད་ལ།།
འཕྲིན་པ་བྲི་བཞིན་བདག་ནི་རྒྱང་དུ་བསྐྱོད།།
རོ་ཐང་རི་བོ་མཐོ་ཞིང་ཉེན་ཡང་ཆེ།།
སྤང་གི་མཚན་མོའི་སྐར་འོད་ལྷམ་ལྷེམ་འདར།།
བྲག་རི་བྱེ་ཐང་འཇིགས་སུ་རུང་ན་ཡང་།།
ཁྱེད་ཉིད་དྲན་གྱིན་བདག་ནི་རྒྱང་དུ་བསྐྱོད།།
སྐུ་ཉིད་སེམས་པ་སྐྱོ་བ་གནང་མི་དགོས།།
དེ་བས་བཀའ་དྲིན་ཆེ་ཞེས་ཞུ་མི་དགོས།།
ནམ་ཡང་ཉེ་རིང་མེད་པའི་དཀོན་མཆོག་གིས།།
བརྩེ་བའི་སེམས་འདི་ཁོ་བོ་གཅིག་པུར་གནང་།།
རྡ་ས་ནས་ལ་དྭགས་སུ་འགྲོ་བའི་ལམ་བར་བྲིས་ཤིང་༢༠༡༡།༩།༡༦ལ་དྭགས་ཀྱི་རྒྱལ་ས་གླེ་ནས་གློག་ཀླད་དུ་ཕབ།།