ཨ་རིའི་རྒྱལ་དོན་དྲུང་ཆེ་ལའོ་སིའི་རྒྱལ་ཁབ་ཏུ་ལྟ་སྐོར་ལ་ཕེབས་པ།
ཟླ་འདིའི་ཚེས་༡༡ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧི་ལ་རི་ཀི་ལིན་ཊོན་ལའོ་སིའི་རྒྱལ་ཁབ་ཏུ་ཚོང་འབྲེལ་ཆེད་ལྟ་སྐོར་ལ་ཕྱིན་ཡོད་པ་དང་། སྐབས་དེར་ལའོ་སིའི་ནང་སྔར་དམག་འཁྲུག་གིས་གནོད་སྐྱོན་ཐེབས་པའི་རང་བྱུང་ཁམས་ཉམས་པ་སླར་གསོ་དང་།
མ་ཉམས་གོང་འཕེལ་ཡོང་བའི་མཐུན་འགྱུར་ལེགས་པོ་བྱེད་རྒྱུར་གྲོས་ཆོད་བཞག་ཡོད་འདུག འབྲེལ་ལམ་དེ་ནི་རྒྱལ་ཁབ་དེར་ལོ་༥༧ ནང་ཨ་རིའི་རྒྱལ་དོན་དྲུང་ཆེ་ཞིག་ལྟ་སྐོར་ལ་ཕྱིན་པ་ཐེངས་དང་པོ་ཆགས་ཡོད་པས། ཨ་རི་དང་ལའོ་སིའི་འབྲེལ་ལམ་ཐོག་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བྲིས་ཡོད་པ་རེད།
ལྕམ་ཧི་ལ་རི་དང་། ལའོ་སིའི་སྲིད་བློན་ཐོང་སིང་ཐམ་མ་ཝོང་། ཕྱི་སྲིད་བློན་ཆེན་ཐོང་ལོང་སི་སོ་ལི་ཐི་བཅས་མཇལ་འཕྲད་ཐོག ཨ་རིས་ལའོ་སི་ལ་ཚོང་འབྲེལ་དང་རོགས་སྐྱོར་བྱེད་རྒྱུ་སོགས་ཀྱི་སྐོར་ལ་གྲོས་བསྡུར་ལྷུག་པོ་བྱུང་ཡོད་པ་དང་། ཨ་རིས་ལོ་འདིར་ལོའོ་སིའི་བྱང་ཕྱོགས་སུ་ཕྱི་ལོ་༡༩༦༤ ནས་༡༩༧༣ བར་གྱི་ཝེ་ཏི་ནམ་དང་ཨ་རིའི་དམག་འཁྲུག་སྐབས་སུ་བཏང་བའི་འབར་རྫས་ཀྱི་སྙིགས་རོ་རྣམས་གཙང་སེལ་ཆེད་ཨ་སྒོར་ས་ཡ་དགུ་ཡིས་རོགས་སྐྱོར་བྱེད་རྒྱུའི་དམ་བཅའ་བྱས་ཡོད་འདུག
ཨ་རི་ཡིས་ལའོ་སི་ནང་ཝེ་ཏི་ནམ་དམག་འཁྲུག་སྐབས་འབར་རྫས་ཊོན་ས་ཡ་གཉིས་ལྷག་ཙམ་གཡུག་ནས་མི་མང་འབུམ་གཉིས་ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་། སྐབས་དེའི་འབར་རྫས་མ་གས་པའི་སྙིགས་རོས་དེང་སང་ལའོ་སིའི་སྣོད་བཅུད་ལ་གནོད་སྐྱོན་ཚབས་ཆེན་འཕྲད་བཞིན་ཡོད་པས། དེས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ས་ཞིང་དང་ཚེ་སྲོག་ལའང་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་པ་རེད།
ཧི་ལ་རི་དང་སྲིད་བློན་ཐོང་སིང་གཉིས་ཀྱི་ཐུག་འཕྲད་སྐབས་ལའོ་སིའི་ནང་སྔར་དམག་འཁྲུག་གིས་གནོད་སྐྱོན་ཐེབས་པའི་རང་བྱུང་ཁམས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཡོང་བའི་མཐུན་འགྱུར་ལེགས་པོ་བྱེད་རྒྱུར་གྲོས་ཐག་ཆོད་ཡོད་སྐོར་ཐུག་འཕྲད་རྗེས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གི་ནང་འཁོད་ཡོད་པ་རེད།
སྔར་ལའོ་སི་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་ནང་མེད་པས། ལའོ་སི་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་སུ་ཞུགས་རྒྱུར་རྒྱལ་ཁབ་གཉིས་པོས་ཕན་ཚུན་གྲོས་བསྡུར་བྱུང་ཡོད་པ་དང་། དེ་བཞིན་སྐབས་དེར་གླེང་སློང་བྱུང་བའི་གནད་དོན་གཞན་ཞིག་ནི། རྫ་ཆུའི་ཆུ་མཛོད་དམ་ཞ་ཡ་བུ་རིའི་ཆུ་མཛོད་ཅེས་པའི་ཆུ་མཛོད་ཀྱི་ལས་གཞིའི་གནོད་སྐྱོན་སྐོར་ལ་ཡང་གྲོས་བསྡུར་བྱུང་ཡོད་པ་རེད།
ཆུ་མཛོད་དེར་ཨ་སྒོར་ཐེར་འབུམ་༣་༨ བཏང་ནས་ཐེ་ལེན་ཌའི་ཚོགས་པ་ཞིག་དང་མཉམ་འབྲེལ་ཐོག་བཟོས་ཡོད་པ་དང་། དེས་ཝི་ཏ་ནམ་དང་ཀམ་བྷོ་ཌི་ཡ། ཐའེ་ལེན་ཌ་བཅས་ཀྱི་ནང་ཁོར་ཡུག་དང་ཚེ་སྲོག་ས་ཡ་མང་པོར་གནོད་སྐྱོན་འཕྲད་བཞིན་ཡོད་པར་བརྟེན། ད་ལྟ་གཞུང་གིས་ངོས་ནས་ཁོར་ཡུག་གནོད་སྐྱོན་གྱིས་དཀའ་ངལ་སེལ་མ་ཐུབ་བར་ཆུ་མཛོད་ཀྱི་ལས་གཞི་དེ་མུ་མཐུད་རྒྱུ་མིན་པའི་ཐག་བཅད་ཡོད་པ་རེད།
