རང་ལུས་མེར་སྲེག་མཁན་གཅོད་པ་འདས་གྲོངས།

ཕྱི་ཟླ་༨ ཚེས་༡༠ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང་ཐོག་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་མཁན་རྒྱལ་གཅེས་དཔའ་བོ་གཅོད་པ་ལགས་ཉིན་དེའི་ཕྱི་དྲོའི་དུས་ཚོད་ ༣ ཡོལ་ཙམ་ལ་སྐུ་གྲོངས་ཡོད་འདུག

བཞུགས་སྒར་དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་སྤེལ་བ་ལྟར་ན། ཁོང་གིས་སྐུ་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ། ཕྱི་དྲོའི་ཆུ་ཚོད་ ༣ ཡོལ་ཙམ་ལ་འབར་ཁམས་སུ་སླེབས་ལ་ཉེ་བའི་ལམ་བར་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། སྐུ་ཕུང་འབར་ཁམས་ནས་རྒྱ་གཞུང་གིས་མེར་སྲེག་བཏང་སྟེ་ནང་མིར་རུས་ཐལ་ཞིག་མ་གཏོགས་སྤྲད་མེད་པ་རེད།

ཁོང་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་སྟེ་དཔྱིད་གསར་དུས་ཆེན་སྐབས་རྔ་པ་རྨེའུ་རུ་མའི་ནང་ནས་བོད་མི་བརྒྱ་ཕྲག་བརྒལ་བས་མར་མེའི་ཁྲོམ་སྐོར་དང་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་ཀྱི་སྣེ་ཁྲིད་པའི་གྲས་ཡིན་ཞིང་། དེ་རྗེས་རྒྱ་གཞུང་གི་ཉེན་རྟོག་མི་སྣས་རྩད་གཅོད་ཐེངས་འགར་བྱས་ཀྱང་ལག་སོན་མ་བྱུང་སྟབས། བྲོས་བྱོལ་བྱས་ཡོད་འདུག ཁོང་ཆུང་ཆུང་སྐབས་རྨེའུ་རུ་མའི་སློབ་ཆུང་ལ་འགྲོ་མྱོང་ཡོད་ཅང་།  ཤུལ་དུ་ཕ་མ་གཉིས་དང་མིང་སྲིང་བཞི་བཅས་ནང་མི་དྲུག་ཡོད་འདུག །