བཀའ་ཁྲིའི་ཞབས་བརྟན་ཚིག་བརྒྱད་མ།

བཀའ་ཁྲིའི་ཞབས་བརྟན་ཚིག་བརྒྱད་མ།

རུས་རྒྱུད་ལྷ་ནས་ཆད་པ་མ་ཡིན་ཞིང་།།

བསྟན་འཛིན་སྐྱེས་བུའི་མཚན་བྱང་མ་ཁུར་པ།།

བོད་མི་དཀྱུས་མའི་སྐྱེ་ལུས་བླངས་བྱས་པའི།།

བློ་བཟང་སེངྒེའི་ཞབས་པད་བརྟན་པར་ཤོག

སྐུ་དྲག་དཔོན་རྒྱུད་རིགས་སུ་མ་སྐྱེས་ཤིང་།།

བླ་ཆེན་མི་དཔོན་ཁོངས་སུ་མ་གཏོགས་པའི།།

ཁྱིམ་མི་ཉམས་ཆུང་ཞིག་ཏུ་སྐུ་འཁྲུངས་པའི།།

བློ་བཟང་སེངྒེའི་ཞབས་པད་བརྟན་པར་ཤོག


 

ལྐོག་གྱུར་གཟིགས་པའི་སྒྲིབ་མེད་མངོན་ཤེས་དང་།།

གོང་མས་ལུང་གིས་བསྔགས་པའི་ལོ་རྒྱུས་མེད།།

རྐང་གཉིས་མི་ཡི་ཤེས་རབ་མཐར་ཕྱིན་པ།།

བློ་བཟང་སེངྒེའི་ཞབས་པད་བརྟན་པར་ཤོག


མོ་ལུང་རྫུན་མས་ཐག་བཅད་མ་བྱས་ཤིང་།

མང་མོས་འོས་ཀྱིས་མགོ་ཐོག་དཔོན་པོ་རུ།།

དབང་པོ་སྒོ་ལྔས་དཔྱད་ནས་གདམ་གྱུར་པའི།།

བློ་བཟང་སེངྒེའི་ཞབས་པད་བརྟན་པར་ཤོག

 

ཤཀྱའི་བསྟན་ལ་རབ་ཏུ་མ་བྱུང་ཞིང་།།

གྲུབ་རྟགས་རྡོ་ལ་རྐང་རྗེས་མ་ཕབ་ཀྱང་།།

གཟུར་གནས་སྐྱེ་བོས་དད་པའི་འཚང་ཁ་རྒོད།།

བློ་བཟང་སེངྒེའི་ཞབས་པད་བརྟན་པར་ཤོག


མཐོང་སའི་གཟུགས་ལ་མི་རྣམས་དྭངས་བ་འདྲེན།།

བཤད་པའི་གཏམ་ལ་མི་ཡིས་ཐང་རིན་ཐང་འཇོག

ཕུགས་བསམ་བློ་རྒྱ་ཡངས་པའི་འཇོན་ནུས་ཅན།།

བློ་བཟང་སེངྒེའི་ཞབས་པད་བརྟན་པར་ཤོག


གཏོ་དགེ་རིམ་གྲོས་ནུས་པ་མ་བཏོན་ཞིང་།།

དྲག་པོས་སྔགས་ཀྱིས་དགྲ་བོ་མ་བསད་ཀྱང་།།

རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གདན་དྲངས་བའི།།

བློ་བཟང་སེངྒེའི་ཞབས་པད་བརྟན་པར་ཤོག


ལོ་ཆུང་བྱིས་པས་ཁྱེད་ལ་ཁ་བཏགས་འཐེན།།

བརྒྱད་བཅུ་རྒན་པོས་ཁྱོད་ལ་གུས་ཕྱག་འཚལ།།

ལོ་གཞོན་ང་ཚོས་ཁྱོད་ལ་བསྟོད་གླུ་ལེན།།

བློ་བཟང་སེངྒེའི་ཞབས་པད་བརྟན་པར་ཤོག


མི་རྗེ་བཀའ་ཁྲི་སྲིད་སྐྱོངས་མཆོག་མཛད་འགན་བཞེས་ནས་ལོ་གཅིག་འཁོར་བའི་རྗེས་དྲན་དུ་སྤྱི་ལོ་༢༠༡༢་སྤྱི་ཟླ་༨་ཚེས་༨ཉིན་ལྷ་ཐོག་བཀྲ་ཤིས་འགྱུར་མེད་ཀྱིས་བྲིས་པའོ།