ལྷ་ས་དང་ལྷ་སའི་སྙན་ངག་གླེང་བ།
ལྷ་ས་དང་ལྷ་སའི་སྙན་ངག་གླེང་བ།
སྙན་ངག་གསར་པའི་ལུགས་སྲོལ་ལམ་རང་མོས་སྙན་ངག་གི་འབྲི་ཐབས་ཆེས་ཆེར་དར་དུས་ནི་ལོ་བརྒྱ་བཅུ་ཡན་མན་ནས་ཡིན་ལ་དུས་ནས་བཟུང་འུ་ཚོའི་ངག་གི་ལྟ་ཚུལ་ཡང་རྒྱ་ཆེ་རུ་ཕྱིན་པ་དང་སྙན་ངག་གི་གདུལ་བྱ་ལའང་འཕེལ་རིམ་བྱུང་བའི་དུས་སྐབས་གསར་པ་ཞིག་བྱུང་བ་རེད།
ལྗང་བུའི་སྙན་ངག་དང་དོན་འགྲུབ་རྒྱལ་གྱི་སྙན་ངག་དེ་གཞི་རྐང་རང་མོས་ལ་བརྟེན་པ་མཚུངས་ནའང་དོན་འགྲུབ་རྒྱལ་གྱིས་རང་མོས་སྙན་ངག་གི་ལམ་ལུགས་སྒོ་འབྱེད་པ་ནས་ལྗང་བུའི་སྙན་ངག་གིས་བོད་ཀྱི་སྙན་ངག་གསར་པའི་ཚེ་སྲོག་ལ་དབུགས་དབྱུང་གསར་པ་ཞིག་སྦྱིན་པ་སྟེ་ད་ལྟར་མང་ཤོས་ཀྱིས་སྤྱོད་བཞིན་པའི་སྙན་ངག་གསར་པའི་ལམ་ལུགས་དེ་ལྗང་བུའི་འབྲི་ཐབས་དང་ཚིག་གི་རྒྱུགས་འགྲོས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།དེ་ནས་རིམ་པར་སྙན་ངག་གི་མཚོན་བྱ་དང་བརྗོད་དོན་ལའང་འཕོ་འགྱུར་ཆེན་པོ་ཞིག་བྱུང་བ་སྟེ། སྐད་ཆ་སྨྲ་སྟངས་ལ་ཚིགས་བཅད་ལྟར་གྱི་སྒྲོག་མེད་པར།དུས་རབས་ཀྱི་བྱ་སྤྱོད་དང་གཡོ་འགུལ་སོགས་བྱ་དངོས་གང་ཡིན་རུང་སྙན་ངག་གི་སྲོག་ཏུ་ཞུགས་རུང་བ།དཔེ་མཚམས་ཀྱི་དྲ་བ་ལ་བལྟོས་པ་མེད་པ་སོགས་བརྗོད་དོན་གྱི་སྲོག་ལ་རིགས་རུས་ཕྱོགས་ལྷུང་གི་འདུ་ཤེས་བྲལ་སོང་བས་སྙན་ངག་གི་རླུང་རྟ་དེ་མཐོ་ཞིང་བརྗིད་པའི་མཁའ་དབྱིངས་སུ་ལུས་རྒྱན་གྱི་རླུང་བུ་དྭངས་མས་ལྷེམ་ལྷེམ་དུ་གཡོ་ཞིང་སྐྱོམ།ལྷ་ས་ནི་སྙན་ངག་གསར་པའི་བརྗོད་དོན་གྱི་ལྟེ་བ་ལྟ་བུའི་སྙན་ངག་གི་ཞིང་ས་ཆེན་པོ་ཞིག་གྱུར་ཡོད་ལ་སྙན་ངག་པ་ཞེས་པའི་མིང་བྱང་ཕྲག་ལ་འཁུར་པའི་སྒྱུ་རྩལ་ཡོད་མེད་ཐམས་ཅད་ཀྱིས་ལྷ་ས་ལ་གཟས་ཏེ་སྙན་ངག་དང་སྙན་ངག་གི་གདོང་འབག་དུ་མ་བཞེངས་བསྐྲུན་བྱས་ཡོད།ལྷ་སའི་ཁོར་ཡུག་དང་གནས་བབ།ཕྱི་རོལ་གྱི་ལྷ་སའི་གྲགས་པ།པོ་ཏ་ལའི་མཐོ་བརྗིད་ཀྱི་འགྱིང་ཉམས་སོགས་སུ་ཞིག་བོད་པ་ཡིན་པ་དེས་ཡིད་ལ་བསྐོར་འོང་སྐབས།ལ་ཤས་ཀྱི་ལྷ་ས་ནི་སེམས་ངོགས་ཀྱི་རྟོག་པའི་མཛེས་གུར་ཞིག་ཡིན་ལ་རང་ཉིད་དེར་ཞུགས་ནས་སྨྲ་བསམ་བརྗོད་མེད་ཀྱི་ཚོར་བའི་འཇིངས་རིམ་ནས་འཇིག་རྟེན་གྱི་མཐོ་ས་ཞིག་ཏུ་བསྙེག་གིན་ཡོད་ལ།ལ་ལའི་ལྷ་ས་ནི་དེ་སྔའི་མིག་གིས་མཐོང་མ་མྱོང་བའི་ལྷ་ས་དང་སྣ་བས་ཐོས་མྱོང་བའི་ལྷ་སར་བཅར་གྱིན་བཅར་གྱིན་ཟུངས་ཁྲག་གི་རྒྱུ་ཕྱོགས་དང་བསྟུན་ནས་ལྷ་ས་ནི་སྙིང་གི་རེག་ས་དང་སེམས་ཀྱི་ཟབ་ས་ནས་ནས་ཚ་ལམ་ལམ།འདར་སིག་སིག་ངང་ཕྱོགས་བཞི་ནས་བསྡུས་ཏེ་སྙིང་གི་མུན་པའི་དཀྱིལ་ལ་ཟུག།མུན་པ་ནས་ཕྱི་རོལ་གྱི་ས་གཞིར་ཟུག།།
དེ་ནས་སྐྱོ་ལྷང་ལྷང་བར་སྣང་གི་སྟོང་ཁམས་ཆེན་པོ་དེར་སྐྱ་ཐིང་ངེར་སྟོང་དབྱིངས་ན་འཐིམ་འགྲོ།དེ་ལྟར་ལྷ་སའི་སྙན་ངག་ལའང་ལྷ་སའི་ངོས་ནས་རྣམ་པ་སྟོན་སྟངས་ཀྱིས་སམ་གང་ཟག་སོ་སོས་འདུ་ཤེས་འཛིན་སྟངས་ཀྱིས་སྙན་ངག་གི་ཚེ་སྲོག་ཀྱང་འགལ་བ་ལྟག་འཛོལ་གྱིས་རིགས་གཉིས་གྲུབ་ཡོད།དེའི་ནང་ནས་སྒྱུ་རྩལ་ཚད་མཐོ་བ་དང་གྲགས་ཆེ་བ།དངོས་ཡོད་ཀྱི་གཏན་ཚིགས་ལ་ཁ་ཕྱོགས་པའི་སྙན་ངག་གསར་པ་ཞིག་ལ་བལྟས་ནས་གླེང་ན་ཉིས་སྟོང་ལྔའི་ནང་ན་གཞོན་སྙན་ངག་པ་ཁྲི་སེམས་དཔས་བརྩམས་པའིི་<ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས>དང་།ཉིས་སྟོང་དྲུག་ནང་དུ་ན་གཞོན་སྙན་ངག་པ་རེ་རྐང་གླིང་གིས་བརྩམས་པའི་<ལྷ་ས>ཟེར་བའི་ཚན་པ་ལྔ་ཅན་གྱི་སྙན་ངག་དེ་གཉིས་ནི་གསར་སྐྱེས་སྙན་ངག་པའི་སྡེ་ན་གླེང་རིན་ཡོད་པ་དང་ངོམ་ཆོག་ཆོག་གི་རིགས་ཕྱི་མར་གཏོགས་པའི་སྙན་ངག་གཉིས་རེད།སྙན་ངག་གཉིས་དེ་གཤིབ་བསྡུར་བྱས་ཏེ་ལྷ་སའི་ངོགས་དང་སྙན་ངག་གི་ཟུར་ཞིག་སྤྲོས་ན་ལྷ་ས་ནི་བོད་ཀྱི་ལོ་རྒྱུས་དང་བོད་མིའི་སྙིང་ཁམས་ན་གོ་ས་ངེས་ཅན་བཟུང་བའི་གྲོང་ཁྱེར་ཞིག་རེད་ལ།ལྷ་སའི་སྒྱུ་འཕྲུལ་འདྲ་བའི་པོ་ཏ་ལ་དང་བྱིན་རླབས་དངོས་གྲུབ་ཅན་གྱི་ལྷ་སའི་རི་བོའི་གཟི་མདངས།བོད་ཀྱི་དབུས་འགྱུར་ཆོས་ཀྱི་ཞིང་ས་གྲགས་པའི་གདན་ས་སེ་འབྲས་དགའ་གསུམ།སྲིད་དབང་དང་རྒྱལ་རྒྱུད་ཀྱི་མེ་ཏོག་འཐོར་བའི་ནོར་བུ་གླིང་ཀ ད་དུང་བཙན་པོ་སྲོང་བཙན་དང་སློབ་དཔོན་པད་མ་འབྱུང་གནས་ཞབས་ཀྱིས་བཅག་མྱོང་བའི་ལྕགས་པོ་རི་སོགས་ནི་འུ་ཚོའི་བསམ་བློའི་ཚ་རླབས་ཀྱི་བང་རིམ་མཐོ་ས་ནས་འགྲེང་ཞིང་ཕྱོགས་ཕྱོགས་ཀྱི་ཡུལ་མི་ཚོའི་མིག་ཟུང་དང་ཕྱག་གིས་ཐལ་མོ་སྦྱར་བའི་ཚུལ་རོལ་ན་ནམ་ཡང་ལྷ་ས་ནི་མི་ཡུལ་གྱི་བདེ་བ་ཅན་དངོས་མར་གྲུབ་མྱོང་ཡོད།དེའི་དབང་གིས་སྙན་ངག་པའི་བློའི་སྒྱུ་འཕྲུལ་ནའང་ལྷ་ས་ནི་/ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས/དང་/ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས/་རུ་འཁྲུངས་ཡོད་འདུག་ལ་སྙན་ངག་པའི་ཐོས་འཛིན་གྱི་བུ་ག་རུ་/ཡུལ་མི་ཚོའི་རེ་སྨོན་ལྷ་སར་བསྐུར་གྱིན/་པ་དང་/ཡུལ་མི་ཚོའི་ཕུགས་བསམ་ལྷ་སར་བཅོལ་གྱིན་པ/་པའི་སྒྲ་ཡང་སྟེས་དབང་གིས་འཛུལ་འདུགདེ་ལྟ་བུའི་རེ་བལྟོས་དང་ཡིད་སྨོན་གྱིས་སྙན་ངག་པ་ལྷ་སར་ཆས་པའི་ལམ་བུར་ཞུགས་དུས་སུ་ཡང་སྒམ་བརླིང་གིས་ཕྱག་འཚལ་བའི་མཇལ་བ་དང་སྔོན་མཐོང་མ་མྱོང་བ་དང་ཕྱིས་སུ་ཅིས་ཀྱང་རིག་དགོས་པའི་གཅུན་སྡོམ་ཆེ་བའི་སྲོལ་རྒྱུན་གྱིས་བསླད་པའི་བྱ་འགུལ་དུ་མའང་སྙན་ངག་པའི་མིག་གི་དཀྱིལ་ན་མངོན་ཡོད།དངོས་ཡོད་ཀྱི་ལོ་རྒྱུས་དང་ཡུལ་མིའི་བསམ་བློའི་བཀོད་པ།འཚོ་གནས་ཀྱི་འཁོར་བསྐྱོད་ལ་ཞིབ་ཚགས་ཀྱིས་བློ་མིག་བགྲད་ན་ལྷ་ས་ནི་མེས་པོ་དམ་པའི་ཕྱག་སོར་ནས་བྱུང་བའི་བོད་ཀྱི་ཡུལ་མི་ཁྱོན་ཡོངས་ཀྱིས་ཚེ་གཅིག་སྙིང་ལ་བརྣག་པའི་རེ་བལྟོས་ཀྱི་སྤྲུུལ་པའི་དག་ཞིང་ཡིན་ལ།ཤར་བྱང་ལྷོ་ནུབ་ནས་འོང་བའི་མཇལ་བའང་ཕྲེང་བ་ལྟར་ཨ་ལོང་ཚུལ་གྱིས་འཁོར་ཏེ་ནམ་ཡང་ཆད་པ་མེད།ལམ་འཕྲང་དང་གཅན་གཟན་གྱི་འཇིགས་པ།ལྟོགས་སྐོམ་བཀྲེས་གསུམ་གྱི་མུ་གེ། ན་ནད་ཚ་གསུམ་གྱི་སྡུག་བསྔལ། འཁྱག་གྲང་བསྲེག་ཟུག་གི་དཀའ་སྡུག་ཅི་ཙམ་ཆེ་ནའང་ཡིད་ཀྱི་དད་པ་དང་རེ་སྙེག་གི་འདུན་པས་བོད་མི་ཚོས་ཚེ་སྲོག་ལ་འཛེམ་མེད་དང་ཅི་མི་སྙམ་པར་ལྷ་སར་བསྐྱོད་ཀྱིན་ཡོད་ལ།ལྷ་ས་སླེབས་ནས་ཀྱང་ཚེ་སྔ་ཕྱིའི་རེ་བ་དང་བདེ་སྡུག་ཡོད་ཚད་ལྷ་ས་ལ་བཅོལ་ནས་ཕྱིར་ལོག་གིན་ཡོད།དེ་ནི་སྤྱིར་བཏང་གི་མི་ཕལ་བ་ཚོ་ལྷ་ས་ཆས་ཚུལ་དང་འདུ་ཤེས་འཛིན་སྟངས།ལྷ་སར་ལྟ་ལུགས།ལྷ་ས་ནས་ཅི་ཞིག་རྙེད་ལུགས་སོགས་རེད་མོད།སྙན་ངག་པ་ལྷ་སར་ཆས་ནས་ལྷ་ས་ནས་ཅི་ཞིག་རྙེད་ཚུལ་དང་ལྷ་སར་ལྟ་སྟངས་རྦད་དེ་ལྡོག་ཕྱོགས་སུ་སོང་ཡོད་དེ་།སྙན་ངག་པའི་ལྷ་ས་དང་དོནདངོས་ལྷ་ས་དེ་འདུ་འཛིལ་དང་འཁྲུག་ཆ་དོད་པའི་ཁྲོམ་དཀྱིལ་ནས་ལངས་པའི་པོ་ཏ་ལ་ཅི་བཞིན་གྲགས་ཆེ་བ་དང་འགྱིང་ཉམས་དང་རྔམ་བརྗིད་ལྡན་པ་ལྟར་སྣང་མོད།འོན་ཀྱང་ལྷ་ས་ནི་ཁེར་རྐྱང་གི་འཚོ་བའི་རྨང་ནས་ཉིལ་བཞིན་ཡོད་ལ་ལྷ་ས་ལ་ཆ་མེད་རྒྱུས་མེད་ཀྱི་མགྲོན་པོ་ཚད་མེད་ཅིག་ཡོང་ནས་ང་རྒྱལ་གྱིས་ལྷ་ས་ནི་རྩེད་ཆས་དང་འཇིག་རྟེན་འཛོམས་ཁང་དེ་ངོས་འཛིན་བྱས་ཚར་དུས་ལྷ་ས་ནི་དོན་ངོ་མར་ཁེར་རང་གི་དཀའ་སྡུག་ཁྲོད་ན་འགྱེལ་བཞིན་ཡོད།ཁྲི་སེམས་པས/ཆང་སེར་རྫ་ཁོག་ནང་བྱིངས་པའི་ཁྱེད་ཀྱི་ཁེར་རྐྱང་གི་ཉི་མ་དང/ ཁེར་རྐྱང་གི་ཟླ་བ /པོ་ཏ་ལའི་ཡང་སྟེང་ན་དུས་ལྟར་འཆར་ཡང/བཙན་པའི་རྗེས་ཤུལ་ན་འགྲམ་པ་གླན་ནས /ངས་ཁ་སང་གི་ནམ་མཁའ་དྲན་བྱུང/དང་རེ་རྐང་གླིང་གིས/ངལ་རྩོལ་བ་མཐའ་དག་གིས་གདོང་པ་དམར་པོར་གྱུར་གྱིན/ཁྱེད་ཀྱི་ཕྱོགས་ལ་རྒྱང་བལྟ་རེ་བྱས་རྗེས/ལོ་རྒྱུས་ཀྱི་གསང་བརྒྱ་གཏོར་བའི་སྒམ་ཚུགས་ཀྱིས/དུར་ཁུང་གི་སྒོ་ལ་འགག་ཟྭ་དམ་པོར་སྦྱར/ཞེས་པའི་ཚན་ཁག་གཉིས་ཀྱིས་ལྷ་སའི་དྭངས་གཙང་རང་བཞིན་གྱི་ལོ་རྒྱུས་ཤིག་གླེང་ཡོད།དེང་སྐབས་ཉི་མ་ལྷ་ས་ནི་ཁེར་རྐྱང་གི་རག་བཟི་བཞིན་ལང་མིན་འགྱེལ་མིན་གྱིས་འཚོ་བའི་ཁུག་སོར་ན་ཚེ་སྲོག་གི་དབུགས་དབྱུང་རྟ་རྔ་ཙམ་ལས་མེད་དུས་འུ་ཚོ་བོད་པ་ཚོས་ལྷ་སའི་སྐྱོ་མུག་གི་ངོ་གདོང་ཐེངས་རེར་མཇལ་རྗེས་འཇིགས་སྣང་གིས་ཁུ་སིམ་མེར་བཞུད་འགྲོ་བ་ལས་པོ་ཏ་ལའི་ཐང་ཆེན་ནས་ལྷ་སའི་ཁ་སང་ལ་སྐྱོ་གདུང་གིས་འབོད་རྒྱང་བྱེད་མཁན་སུ་ཞིག་ཡོད།སྙན་ངག་པས་ལྷ་སའི་ཁ་སང་ལ་འགྲམ་པ་གླན་ནས་བཙན་པའི་བྱུང་བ་དྲན་གྱིན།བཙན་པའི་རྗེས་ཤུལ་ལ་སེམས་པ་གླན་ནས་ལྷ་སའི་ཁ་སང་དྲན་བཞིན་འདུག སྐྱོ་གདུང་ཕམ་ཁ་དང་གནོངས་སེམས་གླིང་ན་ཚོར་འདུའི་གཡོ་བ་རེ་རེ་ཚིག་གི་རོལ་རྩེད་ན་འོང་རྒྱུ་ནི་ཤིན་ཏུ་དཀའ་བ་སྟེ་དུས་དེར་ང་རྒྱའི་ཚིག་དང་ཞེ་སྡང་གི་ཚིག ཕྲག་དོག་གི་ཚིག འདོད་ཆགས་ཀྱི་ཚིག་བཅས་གང་བྱུང་གི་ཚིག་ཚོགས་དུ་མས་ཚོར་བའི་ཉག་ཕྲན་སྤུ་གྲི་མཚོན་ཐབས་བྱེད་ཀྱིན་ཡོད།སྙན་ངག་པ་སྐྱོ་གདུང་གིས་བཟི་འོང་དུས་ཆང་རྐྱལ་ཞིག་གཏི་མུག་གཉིད་ལ་ཡུར་བ་ལྟར་ལྷིང་འཇགས་སུ་སོང་བ་མིན་པར་ངུ་འབོད་ལྟ་བུའི་ཚིག་གསོན་པོ་རྐྱང་རྐྱང་གིས་ཚོར་བའི་གྲུ་ཁ་གཡོ་འགུལ་བྱེད་བཞིན་པ་དང་།ཚོར་བ་གྱེན་དུ་ལང་འོང་དུས་མི་ཕལ་བ་ཚོས་རྐང་པ་ས་ལ་ཤུགས་ཀྱིས་བརྡབ་པ་དང་ཡར་མར་རྒྱུག་པ།བསྡོད་མི་བཟོད་པའི་འཚུབ་ཆ་ལང་པ་དེའི་ཚབ་ཏུ་སྙན་ངག་པས་དེ་ལྟ་བུའི་ཚོར་བའི་རྣམ་འགྱུར་དང་སྣང་བརྙན་མཚོན་བྱེད་ལ་སྐད་ཆ་གསོན་པོ་འབའ་ཞིག་གིས་ངལ་རྩོལ་བྱེད་གྱིན་ཡོད།དེ་ནས་ལྷ་ས་ཁེར་རྐྱང་ཡིན་པའི་ཚོར་སྣང་དེས་སྙན་ངག་པ་ཤེ་ཡིས་སྒུལ་ཡོང་སྐབས་སྙན་ངག་པའི་འཕྲུལ་སྣང་གི་ འཇིག་རྟེན་ན་ཕྱི་ནང་གི་བྱ་འགུལ་དང་སྣོད་བཅུད་མང་པོ་ཞིག་ཨུ་ཚུགས་ཀྱིས་འཛུལ་ཏེ་སྙན་ངག་པའི་དཔྱོད་ཤེས་ཀྱི་ཚད་མ་ཡང་བསྐྱར་ལྷ་སའི་སྟེང་དུ་འཆོར།ལྷ་སའི་དུས་སྐབས་ཀྱི་རྣམ་པ་ལ་བལྟས་ན་ལྷ་སའི་གདོད་མའི་གནས་བཅའ་བ་བོད་མི་དང་མི་རིགས་གཞན་གྱི་གྲངས་ཚད།གཞན་དང་དཔལ་འབྱོར་གྱི་མཐོ་དམན།ཀུན་སྤྱོད་ཀྱི་ངོ་བོ།ཆབས་སྲིད་ཀྱི་གནས་བབ།རིག་གནས་ཀྱི་གོ་ཐོབ་བཅས་ཕྱོགས་གང་ཐད་ནས་ཀྱང་བསྡུར་ཐབས་མེད་པ་ཞིག་གྱུར་ཡོད་ལ།ལྷ་སའི་ནང་སྙིང་དེ་ཡང་ད་ལྟར་ཕྱོགས་གཞན་ནས་ཡོང་བའི་མགྲོན་པོ་ཞིག་གིས་བདག་གིར་བཟུང་ཟིན་དུས་སྙན་ངག་པས་ཡིད་མུག་མུག་གི་ལྷ་ས་ལ་དྲི་བ་དང་ཟུར་ཟའི་ཚུལ་དུ་/ནོར་བུ་གླིང་ཀར་ཝུ་ཆང་མཆོད་ཀྱིན་པའི་ལྕམ་མོ་དེ་ལྷ་སའི་སྲས་མོ་ཡིན་ནམ/་ཉིན་གང་ངལ་རྩོལ་ལ་བྲེལ་ནས་འཚོ་རྟེན་སྐྱོང་བའི་/པོ་ཏ་ལའི་ཐང་ཆེན་ན་ཞོག་ཁོག་འཚོང་བའི་རྒན་མོ་དེ་ལྷ་སའི་བདག་མོ་ཡིན་ནམ/སྒྱིད་ལུག་དང་བག་མེད་ཀྱིས་འཁྱམ་སྡོམ་ལ་རོལ་བའི/བར་བསྐོར་ན་ཟས་ལྷག་ལ་སྒུག་པའི་མུ་ཏོ་བ་དེ་ཚོ་ལྷ་སའི་འགྲོན་པོ་ཡིན་ནམ/ ལྷ་ས /དེས་ན/ཁྱེད་ལ་འཇལ་འདོད་ཀྱིས་ /ཨ་མདོ་ནས་སླེབས་པའི་ཡུལ་གྱར་བ་ང་ཅི་ཞིག་ཡིན/ཞེས་འདྲི་བ་འདོན་ཡོད།མ་གཞིར་སྙན་ངག་དེ་གཉིས་ཀར་རབ་བཏགས་ཀྱི་མཚོན་སྟངས་བཀོལ་སྤྱོད་ཐད་ནས་མཚམས་རེར་ལྷ་ས་ནི་རྒན་པོ་ཞིག་གྱུར་འགྲོ་ལ་ལན་རེར་བུད་མེད་དང་།གྲྭ་གཞོན་རང་སྣང་མཐོ་པོ་ཞིག་ཏུ་གྱུར་འགྲོ། སྣང་ཚོད་ཙམ་ལ་ལྷ་སས་རང་ཉིད་ལ་ལྟ་སྟངས་ནི་འུ་ཅག་ཡུལ་མི་ཚོས་ལྷ་ས་ལ་བསྟོད་པ་དང་ཁ་གཡང་སྒྲོགས་པ།མགོ་བོ་སྒུར་ཏེ་གསོལ་བ་འདེབས་པ་སོགས་ལ་ཁེངས་དྲེགས་ཀྱི་སྣང་བས་མཐོ་ས་དང་ཟབ་ས་ནས་འགྱིང་ཡོད་ན་ཡང་བློ་རྣལ་དུ་བཞག་ན་ལྷ་སའི་ངོ་གདོང་རྨ་ཁས་ཁྱབ་པ་དང་ལག་ཟུང་སེར་ཁས་ཁྱབ་ནས་ཅི་ཡང་མི་འཇོན་པར/ངའི་ཕོ་བ་ལྟོ་བྱུང་ཞེས་སྐད་ཅོག་རྒྱབ་ལ/ངའི་མཚན་མ་ན་བྱུང་ཞེས་སྨྲེང་ངག་འདོན/།ལྷ་ས་ནི་ཅི་འདྲའི་འཇིག་རྟེན་འདིའི་སྟེང་གི་ཧམ་ཚོང་དང་ཕམ་ཚོང་ཁྲོད་ཀྱི་རིན་པོ་ཆེའི་དངུལ་རྫས་ལྟར་ལྷ་སའི་སྟེང་ན་ཕོ་མོ་རྒན་གཞོན་དང་།སྟོད་སྨད་བར་གསུམ་གྱི་ཡུལ་སྐོར་བ།མཐོ་དམན་བར་གསུམ་གྱི་མི་ཡོད་ཚད་འཛོམས་འོང་དུས་ལྷ་ས་ཡང་སྨད་འཚོང་མ་ཅི་ལྟར་རང་ཉིད་ཅི་ཞིག་གི་བང་རིམ་ན་ཡོད་པ་མི་ཚོར་བར་མཐོ་སར་འགྲེང་བའི་མི་ཆེན་ཞིག་ལ་བལྟས་ཏེ་འཛུམ་མདངས་ཕྱུང་སོང་།སྙན་ངག་པ་དད་འདུན་གྱིས་ལྷ་སར་བཅར་དུས་ལྷ་སས་/སེར་ཁ་གས་པའི་ལག་པ་ཆེན་པོ་དེ/སྙན་ངག་པའི་/མདུན་ལ་གཡུགས་ནས / ཨ་མདོ་བ སྤ་སེ་ག་རེ/་ཟེར་བའི་མཚམས་འདྲི་ཧ་ལས་པ་ཞིག་འཕེན་འོང་དུས་སྙན་ངག་པ་རྦད་དེ་ལྷ་ས་ལ་རེ་ཐག་དང་ཡིད་ཐང་ཆད།དེ་དུས་ཀྱི་ཚོར་འདུ་དྲག་པོ་དེའི་འོག་ནས་སྙན་ངག་པའི་ཁ་ན་’ལྷ་ས་ལྷ་ས་’ཟེར་ཚིག་འབྲུ་གཉིས་ལས་མེད་པའང་གྱུར།སྙན་ངག་པའི་བསམ་པའི་དག་ཞིང་ལས་ལྡོག་ཕྱོགས་སུ་འགྲེང་པའི་ཁང་བརྩེགས་མཐོ་པོ་དག་དང་འབག་བཙོག་གི་ལམ་ཆེན།འུར་ཟིང་གིས་འཛི་བའི་མང་ཚོགས།འགྲན་རྩོད་ཀྱི་ཁྲོམ་རྭ།ཧམ་སེམས་ཀྱིས་མྱུག་པའི་འཕྲུལ་འཁོར་གྱི་ཚོགས་དག་ལྷ་ས་དང་ལྷ་སའི་ཆ་ཤས་སུ་གྱུར་འགྲོ་སྐབས་དང་།དད་འདུན་གྱིས་བཅར་བའི་མཇལ་བ།ཡོང་འབབ་ཀྱིས་བདས་པའི་སྨད་འཚོང་མ།ཡུལ་སྐོར་གྱིས་འཁྱམ་པའི་ཕྱི་གླིང་པ།སྤྲོ་སྐྱིད་དུ་ཕེབས་པའི་དཔོན་ཆེན་སོགས་མིའི་རིགས་ཀྱི་རྐང་པ་ཆེན་པོ་དག་ལྷ་སའི་རྨ་ཁས་ཁྱབ་པའི་སྒལ་སྟེང་ན་བཞག་འོང་དུས་དེར་ལྷ་ས་མཚན་མ་ན་བའི་བུད་མེད་ཅིག་ཏུ་གྱུར་པ་མ་ཟད་རུས་མིང་བོར་བའི་གྲྭ་པ་ཞིག་ཏུ་གྱུར་ཏེ་པོ་ཏ་ལ་ནི་ལྷ་སའི་དཀྱིལ་དབུས་ནས་/མིག་ཟུང་རིག་རིག་གིས/འཕོང་ཚོས་ཕ་བོང་འཁྱགས་པ་ཞིག་གི་སྟེང་ལ་བཞག་ཏེ/རྒྱ་ཡིག་ཁ་ཤས་བློ་ལ་སྐྱོར་གྱིན/་པའི་ལོ་ན་ཕྲ་བའི་གྲྭ་གཞོན་ཞིག་ཏུ་གྱུར།སྙན་ངག་གི་སྒྱུ་རྩལ་དཀྱོགས་མཚམས་དེར་སོན་དུས་སྙན་ངག་པའི་སེམས་ངོས་སུ་དེ་ལྟ་བུའི་རྒྱལ་ཕམ་འགྲན་རྩོད་དང་།འཁྲུག་འཛིང་ན་ལྷ་ས་ནི་ཅི་ཆུང་དུ་འགྲོ་བཞིན་པ་རྟོགས་ནས་སྐྱོ་དུང་དུང་གི་བཞིན་ཉམས་དང་ང་རྒྱལ་གྱིས་འགྱིང་བའི་པོ་ཏ་ལའི་ཐང་ཆེན་ནས་སྐུལ་མའི་ཚུལ་དུ /ལྷ་ས་ཡ ཁྱེད་ནི་ཆེས་དྭངས་གཙང་གི/མར་དྲི་དང་རྩམ་དྲི་འབོར་གྱིན་པའི་འཇིག་རྟེན་གྱི་འཛོམས་ཁང་དེ་མ་ཡིན་ནམ/ཞེས་ལྷ་སའི་གནས་བབ་དང་རྒས་གཉེར་གྱི་ལང་ཚོ་ལ་གཏན་ཚིགས་ཀྱི་རྣོ་ངར་འབར་བའི་སྡོམ་ཚིག་སྐྱོ་བོ་ཞིག་རྒྱབ།མཐའ་མཇུག་གི་སྐད་ཆ་ནི་ལྷ་སའི་ཕྱི་ནང་སོ་སོར་གྱེར་བའི་འཕྲུལ་སྣང་གི་རྣམ་འགྱུར་ཐད་དུ་སྐད་ཆ་བཤད་པའི་འདོད་མོས་དང་འབད་འབུངས་ཅི་ཙམ་འཛིན་ནའང་ལྷ་སའི་ང་རྒྱལ་ཁེངས་དྲེགས་ཀྱིས་ཁས་ལེན་དང་མོས་པ་གཏན་ནས་མ་བྱེད་པར་/ཐ་ན་རང་ཉིད་གང་ནས་ཡོང་དེར་ཕྱིར་སོང/་ཟེར་བ་དང་འདྲ་བའི་རྣམ་འགྱུར་གྲང་ཤུར་ཤུར་ཞིག་བསྟན་དུས་སྙན་ངག་པའི་སྙན་ངག་གི་ཁ་ཕྱོགས་ལྷ་སའི་རེ་བལྟོས་ཀྱི་ལྷ་ཚོགས་དང་ཀླུ་ཚོགས་ཀྱི་སྟེང་ལ་མི་སྐོར་ཀ་མེད་བྱུང་ཡོད།འཁང་ར་དང་འཁུན་སྒྲའི་ན་ཟུག་གི་ཀློང་ནས་ཚོར་བ་གསོན་པོ་ཇི་བཞིན་མཚོན་ཐུབ་པ་ནི་དཔེ་མི་སྲིད་ཅིང་།སྙན་ངག་གི་མཚོན་བྱེད་སྟོང་ཕྲག་གི་མཁའ་དབྱིངས་ནས་མཚོན་བྱེད་གདམ་ཤེས་པ་ཙམ་ནི་སྙན་ངག་སྙན་ངག་ཡིན་པར་འགྲུབ་པའི་རྒྱུ་ཙམ་གདའོ།སྙན་ངག་དེ་གཉིས་ཀྱི་རྟོག་དཔྱོད་ན་ལྷ་སའི་སྣང་བརྙན་འགུལ་སྟངས་དེས་ཀློག་པོའི་མཛེས་རྟོག་གི་སྤྲིན་པའི་བང་རིམ་ནས་ལྷ་ས་འཇིག་རྟེན་འདིའི་ཆེས་འབུར་གཟུགས་ཅན་དང་།འཇིགས་ཉེན་ཆེ་བ།ཡ་མཚན་ཅན།ང་རྒྱལ་ཅན་གྱི་བསྡུས་གཟུགས་སུ་དེ་ལྟར་ལྡན་པའི་མིའི་ཤ་ཚུགས་སུ་གྲུབ་ནས་སྙན་ངག་པ་རང་ཉིད་ཀྱང་ལྷ་སའི་ཁྲོམ་གཞུང་གི་འཁྲུག་ཟིང་ན་ལངས་ཏེ་བསམ་གཞིག་ནན་ཏན་གྱིས་བསྐྱར་དང་ཡང་དུ་ལྷ་སའི་སྣང་བརྙན་གྱི་ཞལ་གདོང་ན་མི་འབྱར་རང་དབང་མེད་པར་གྱུར་འདུག་བསམ་མོ།འགྲོ་བ་མིའི་སྤྱི་ཚོགས་འཕེལ་འགྲིབ་ཀྱི་རེས་མོས་དང་ལྷན་དུ་སྒང་པ་བོད་ཀྱི་མི་སྡེ་རང་བྱུང་དང་བཅས་པ་དུས་རབས་ཀྱི་འུར་ཟིང་འདིར་ཐོན་ཡོང་དུས་མཛངས་པ་བདུན་ནས་བརྩིས་ཏེ་དུས་རབས་འདིའི་མཁས་པ་ལ་ཐུག་གི་བར་དང།བཙན་པོ་གཉའ་ཁྲི་ནས་བཟུང་སྟེ་དགའ་ལྡན་ཕོ་བྲང་མཁའ་དབྱིངས་ནས་མ་ཡལ་གྱི་བར།རྒྱ་གར་གྱི་པན་ཆེན་ཞི་འཚོ་དང་སློབ་དཔོན་པད་མ་འབྱུང་གནས་ཀྱིས་སྤེལ་བའི་བསྟན་པའི་ཉིང་བཅུད་ཀྱི་རོ་མ་ཟད་ཙམ་གྱི་དེ་རིང་གི་བར།མེས་པོ་ཡང་མེས་ཚོགས་ཀྱིས་གསེར་ནག་རིན་ལ་སྤར་བའི་དམ་པའི་ལྷ་ཆོས་ཆེན་པོ།ཁྲག་དང་མཆིལ་མས་བསགས་པའི་ཡུལ་སྲོལ་གོམས་གཤིས་འབེལ་པོ།ལོ་ངོ་སྟོང་གི་བང་མཛོད་སྐད་ཡིག་ཡིད་བཞིན་ནོར་བུ།ཚ་གྲང་རེག་པའི་ཀློང་ནས་སྲོག་བསྡུས་རང་བྱུང་ཡངས་པོ་དག་ལྷ་སའི་ལང་ཚོ་བཞིན་དལ་ཅག་གེར་མགོ་བོ་ས་ལ་བརྡབས་ཀྱང་ཨ་ལན་མེད་པར་ཆུ་ཕྲན་བཞིན་འཇིག་རྟེན་གྱི་འགྲན་རྩོད་ཆེ་བའི་རྒྱ་མཚོ་ན་ནུབ་འགྲོ་དུས་སྙན་ངག་པ་དང་ཤེས་ཡོན་པའི་བསམ་བློའི་ཕོར་བ་རུ་ཁྲག་བཞུར་ཏེ་རྨ་ཁ་མེད་པོའི་ན་ཟུག་གི་ཀློང་ནས་ཟུངས་ཁྲག་གིས་བྲིས་པའི་སྙན་ངག་དང་སྐད་ཆ་མི་སྙན་པ་སྣ་ཚོགས་ཤིག་རི་སྒང་དང་།ལབ་རྩེ་རླུང་གིས་གཡོ་བའི་འཇིག་རྟེན་མཐོ་ས་ཞིག་ནས་མཁའ་དབྱིངས་ན་བཀྲམ།སྐད་ཆ་ཆེན་པོ་བཤད་ན་དེ་ནི་སྙན་ངག་པ་དང་ཤེས་ཡོན་པས་རང་དབང་དང་དཀྱེལ་ཡངས་ཀྱི་བསམ་བློའི་འོད་སྣང་ཀླ་ཀློ་དང་སྨག་རུམ་གྱིས་བཏུམ་པའི་གླེན་གཤེར་གྱི་འཇིག་རྟེན་ན་ཐེངས་གཅིག་བསྟན་པ་རེད་ཅེས་ཟེར་འོས།འོད་སྣང་ལ་རེ་བ་མེད་པའི་སྤྱི་ཚོགས་ནི་འོད་སྣང་གིས་ནམ་ཡང་གསོ་ཐབས་མེད་ལ།སྐབས་དེར་འོད་སྣང་གིས་བྱ་ཐབས་ཆེན་པོ་ཞིག་སྒྲུབ་པ་ནི་འོད་སྣང་དེ་རང་ཉིད་ཀྱི་གུར་ཁང་དུ་གྱུར་པ་དེ་རེད་སྙམ།ཡིན་ནའང་འོད་ཐིག་གི་ཆ་ཤས་རེ་རེ་ཟིལ་བ་འབབ་པའི་ཆུ་ཐིག་བཞིན་འཇིག་རྟེན་ན་འཕྲོ་འོང་སྐབས་ང་ཚོའི་ཐུར་དུ་དཔྱངས་པའི་རི་བྲག་གི་གྲོག་རོ་དེ་ཤེས་རྟོགས་ཐུབ་པས་འོད་སྣང་དང་འོད་ཐིག་ལ་དད་པ་དང་ཡིད་ཆེས་ཀྱི་རེ་བའི་སྤུ་ལོ་གཡོ་འོང་།དེའི་ཕྱིར་ང་ཚོ་ནམ་ཡང་འོད་སྣང་གི་བཀྲ་མདངས་ན་འཇིག་རྟེན་གྱི་རྟེན་གཡོ་སྣོད་བཅུད་མ་ལུས་པའི་ཚེ་སྲོག་གི་ཉམས་རྒུད་དང་འཇིགས་ཉེན་ཤེས་ནུས་པས་སྙན་ངག་དེའང་འོད་སྣང་གི་ཚུལ་དུ་ངེད་ཚོའི་སྤྱི་བོ་ན་འཕྲོ་ཡོད་པར་ཡིན་འདུག།
སྙན་ངག་པའི་དཔུང་ཚོགས།
སྙན་ངག་ཀྱང་འཕེལ་རྒྱས་ཀྱི་ཕྱོགས་སུ་འགྲོ་བ་ལ་སྟོབས་ཤུགས་དགོས་པ་ནི་ཨ་ཅང་ཅང་རེད།དེའི་དབང་གིས་ནུབ་ཕྱོགས་སུ་སྙན་ངག་གི་གྲུབ་མཐའ་དངོས་བརྒལ་རིང་ལུགས་པ་དང་རྒྱ་ནག་གི་ཟླ་གསར་དང་།དེ་རིང་བ་སོགས་ཚོགས་པའི་སྟོབས་ཤུགས་ལ་བརྟེན་པ་རྐྱང་རྐྱང་ཡིན་འདུག ངེད་ཚོ་བོད་ལ་དེ་སྔོན་སྙན་ངག་པ་ཆེན་པོ་དེ་འདྲ་མང་ཙམ་བྱུང་ཡོད་ནའང་སྙན་ངག་པའི་ཚོགས་ཁག་དང་དཔུང་ཁག་ནི་བྱུང་མྱོང་མེད་པ་བལྟ་ཅི་སྙན་ངག་གླེང་སྟེགས་ཀྱི་སྡིངས་ཆ་དེ་འདྲའང་ཧ་ཅང་དཀོན་ཚོད་རེད།སྤྱི་ལོ་༢༠༠༦ནས་<མི་རབས་གསུམ་པ>ཟེར་བའི་སྐྱབས་ཆེན་བདེ་གྲོལ་གྱིས་རུ་འདྲེན་པའི་སྙན་ངག་པའི་དཔུང་སྡེ་ཞིག་ཡར་བསླངས་ཏེ་མཚོ་སྔོན་པོའི་ཉེ་འགྲམ་དང་ནམ་མཁར་ཟི་ལིང་སོགས་ནས་ཚོགས་འདུ་ཡང་ཡང་བསྡུས་ཤིང་གྲགས་ཅན་སྙན་ངག་<སྨད་འཚོང་མ་སངས་རྒྱས་སྒྲོལ་མ་ལ་ཕུལ་བ>་དང་<འཇིག་ཉེན་གྱི་ཚོར་བ་ཐོག་མ>་<བོད་ཀྱི་དེབ་ཐེར་།>ཟེར་བ་སོགས་ཀྱི་སྙན་ངག་རིང་པོ་འགའ་ཞིག་འོ་སྐོལ་ཕྱི་རབས་བོད་ཀྱི་སྙན་ངག་གསར་པའི་རྨང་གདན་དུ་གཏིང་ཟིན་།དེ་ནི་འུ་ཚོའི་སྙན་ངག་གི་བྱ་བཞག་ཐད་དུ་གོམ་གང་མདུན་སྤོ་ཡིས་སྒྱུ་རྩལ་དང་སྒྱུ་རྩལ་བྱ་འགུལ་ཐད་ལ་རམ་འདེགས་ཀྱི་འགུལ་སྟངས་གསར་པ་ཞིག་གྲུབ་པ་རེད་ལ།སྟོབས་ཤུགས་ཆ་ནས་ཀྱང་ལག་མཉམ་རུམ་གྱིས་ཉིང་ཁུ་མི་འདྲ་བ་གྲུབ་པའི་སྟ་གོན་ལ་ཞུགས་པ་དང་གྲུབ་འབྲས་ཐད་ནས་ཀྱང་རྒྱུ་ཚོགས་གྲོགས་ཚོགས་དང་ཆུ་ལུད་དང་མྱུ་གུ་ལྟ་བུའི་སྙན་ངག་གི་ས་བོན་དང་ཚེ་སྲོག་ཡོངས་སུ་གྲུབ་པར་འདྲ་བ་སྟེ་ད་ལྟར་གཡུར་ཟ་བའི་འབྲས་བུ་གྲུབ་པའི་ཉེར་བསྡོགས་ཀྱི་སྦྱོར་བ་ལ་ཞུགས་པ་རེད།ཡང་སྙན་ངག་གི་སྒྱུ་རྩལ་གྱི་ཆ་ཤས་སུ་གཏོགས་པའི་དབྱངས་རྟ་གྱེར་པ་དང་ལྷན་དུ་སྙན་ངག་འཁྲབ་པའི་ལས་འགུལ་རིགས་ཀྱང་མདོ་དབུས་ཁམས་གསུམ་དུ་མང་ཙམ་དར་བཞིན་པའི་རྟགས་སུ་མཐོང་རྒྱུ་འདུག་ལ།དེས་ཀྱང་སྒྱུ་རྩལ་བྱ་འགུལ་འདིའི་རིགས་མཐོ་རུ་འདེགས་བཞིན་པའི་རྣམ་པ་མངོན།མདོར་ན་དཔུང་བསྒྲིགས་པ་ནི་སྟོབས་ཤེད་མཉམ་སྤུངས་བྱེད་པ་ཡིན་པ་དང་།ལུའུ་ཞུན་གྱིས་’’མི་རིགས་ཉམས་རྒུད་ཀྱི་སྐབས་སུ་ཀི་འདེབས་མཁན་གྱིས་ཀི་ཐོབས།ཤེད་འདོན་མཁན་གྱིས་ཤེད་ཐོན།དྲོད་ཅི་ཙམ་ཡོད་ན་འོད་དེ་ཙམ་སྤྲོས་ཤིག་’’ཟེར་བའི་སྐད་ཆའི་ནང་སྙིང་དང་རྗེས་སུ་མཐུན་པའོ།ཚོགས་སྡེས་བསྒྲིགས་པའི་སྙན་ངག་དང་སྙན་ངག་གི་ངོ་བྱང་ནི་སྡེ་བ་ག་གེ་མོའི་རུས་རྐང་ནས་ཐོན་དགོས་ཤིང་སྡེ་བའི་ཞལ་ངོ་ཆེན་མོ་དང་འགྲོགས་དགོས་པས་ཚོགས་ཚིག་ཟློས་སྐྱོན་ཅན་དང་སྲོག་མེད་བེམ་རོ་ལྟ་བུ་དང་འགུལ་མེད་ཕ་བོང་ལྟར་གྱིས་ཡི་གེའི་གད་སྙིགས་ཀྱང་ཆེས་འབྱུང་བའི་ཉེན་སྐྱོན་ཕྲ་རུ་འགྲོ་ངེས་སྟབས་སྙན་ངག་གི་སྡེ་བ་དང་རུ་ཁག་ཕྱིས་སུ་ཇི་མང་དུ་འགྲོ་རྒྱུའི་རེ་བ་ཆེ་ཙམ་གདའ་བ་དང་དགོས་པའང་མང་ཙམ་མཐོང་ངོ།།།།
༢༠༡༡་༩་༢༣