འབའ་ཤིང་ཁྲི་དགོན་པའི་ཞི་རྒོལ་བར་རྨས་སྐྱོན།
བོད་མདོ་སྨད་འབའ་རྫོང་དུ་འདི་ལོའི་ཕྱི་ཟླ་༣ པའི་ཚེས་༡༥ ཉིན་ཤིང་ཁྲི་དགོན་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་དེ་ད་ལྟའི་རྒྱ་གཞུང་ཞི་རྒོལ་སྐབས། རྒྱ་གཞུང་གི་འབར་རྫས་འོག་རྨས་སྐྱོན་ཕོག་པ་རྒྱ་རིགས་ཐལ་ཉེན་ཁའི་གནས་སུ་ལྷུང་ཡོད་པས། ཉེ་ཆར་ནང་མིར་རྩིས་སྤྲད་ཡོད་འདུག
ཟླ་འདིའི་ཚེས་༢༡ ཉིན་རྒྱ་གར་ལྷོ་ཕྱོགས་སུ་གནས་སྡོད་ཕ་ཡུལ་འབའ་རྫོང་ནས་ཡིན་པའི་ཆོས་གྲགས་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། བོད་ནང་མཚོ་སྔོན་ཞང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་དུ་འདི་ལོའི་སྤྱི་ཟླ་གསུམ་པའི་ཚེས་༡༥ ཉིན་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་དེ་ད་ལྟའི་རྒྱ་གཞུང་གི་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱིས་སྲིད་ཇུས་ལ་ཞི་རྒོལ་གྱི་དོན་རྐྱེན་བྱུང་སྐབས། རྒྱ་གཞུང་གིས་ཉེན་རྟོག་དམག་མིས་བོད་མི་ཞི་རྒོལ་བའི་ཁྲོད་འབར་རྫས་གཡུག་ནས་རྨས་སྐྱོན་ཚབས་ཆེན་ཕོག་མཁན་བོད་མི་རྒྱ་རིགས་ཐར་ད་ལྟ་བར་དུ་རྒྱ་གཞུང་གི་ཉེན་རྟོག་དམག་མིས་བཙན་ཁྲིད་བྱས་ཡོད་པ་དང་། ཁོང་ལ་རྨས་སྐྱོན་ཚབ་ཆེན་བྱུང་ཡོད་པར་བརྟེན། སྨན་ཁང་དུ་སྨན་བཅོས་ཏོག་ཙམ་བྱས་ཡོད་ན་ཡང་།
ད་ལྟའི་ཆར་ཁོང་གིས་ནད་གཞི་ཇེ་སྡུག་ཏུ་སོང་ནས་ཟ་མ་ཟ་མ་ཐུབ་པར་མིད་ཐག་ནང་ལ་རྒྱུ་མ་དྲངས་ཏེ་ཟ་མ་ལྡུད་བཞིན་ཡོད་པའི་ཡ་ང་བའི་གནས་སུ་ལྷུང་ནས་སྲོག་ཉེན་ལ་ཐུག་ཡོད་པར་བརྟེན། ཉིན་འགའི་སྔོན་དུ་རྒྱ་གཞུང་གིས་ཁོང་ཕྱིར་ནང་མི་ལ་རྩིས་སྤྲོད་བྱས་ཡོད་འདུག་ལ། སྐབས་དེར་རྒྱ་གཞུང་གིས་སྨན་ཁང་གང་དུ་བསྟན་ན་འགྲིག་གི་ཡོད་མ་ཟད། སྨན་ཡོན་ཡང་སྤྲོད་ཀྱི་ཡིན་ཚུལ་བརྗོད་ཡོད་ན་ཡང་། ད་བར་དུ་རྒྱ་རིགས་ཐར་སྨན་ཁང་དུ་ཟླ་ངོ་ལྔ་ལྷག་བསྡད་ཡོད་ན་ཡང་། ད་དུང་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཐུབ་པ་མ་ཟད། ཁོང་གི་ནད་གཞི་ཇེ་སྡུག་ཏུ་སོང་ནས་ད་ལྟའི་ཆར་ཧ་ཅང་ཛ་དྲག་གི་གནས་སུ་ལྷུང་ཡོད་ལ། ཁོང་ཚུར་གསོན་ཐུབ་པའི་རེ་བ་གང་ཡང་ཡོད་ས་མ་རེད་ཅེས་དང་། གཞན་ཡང་རྒྱ་རིགས་ཐར་ལགས་གསོན་པའི་རེ་བ་མི་འདུག་ཅེས་ཁོང་གིས་ནང་མི་ཉེ་འབྲེལ་ཡོངས་ཀྱིས་ཁོང་ལ་སེམས་ཁྲེལ་ཆེན་པོ་བྱེད་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
མོན་གྷོ་གསར་འགོད་པས།