དཀྲོག་གཏམ་གཅིག་གི་སྔ་རྗེས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༠  ཕྱི་ལོ་ ༢༠༡༢/༨/༢༢

ཉེ་བའི་ཆར་ངོ་དེབ་དང་དྲ་རྒྱ་ཁག་ཅིག་གི་ནང་འདྲ་པར་འདྲ་མིན་དང་གཙོ་ཆེ་ཤོས་ཡུལ་ཤུལ་ས་ཡོམ་གྱི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་གྱུར་པའི་བོད་རིགས་མི་མང་གི་ཕུང་པོའི་འདྲ་པར་དེ། ནང་པས་ཁ་ཆེ་བ་སྡེབ་གསོད་བཏང་བ་རེད་ཅེས་པའི་དཀྲོག་གཏམ་ཆེད་སྤེལ་བྱས་ཡོད་པ་རེད།

ཐོག་མ་འདྲ་པར་དེ་དག་ངོ་དེབ་སོགས་སུ་སླེབས་སྐབས་ནམ་རྒྱུན་འགན་ཁུར་མེད་པའམ། ཆེད་དུ་ཕ་རོལ་པོའི་མངོན་འདོད་སྒྲུབ་བཞིན་པའི་བོད་པའི་དྲ་འབུ་དག་གིས་བྱེད་སྟངས་དང་གཅིག་པ་ལྟ་བུ་ལས། འདི་ལ་ནུས་པ་དང་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་པར་ངོས་འཛིན་བྱས་མེད། དེ་ཡང་ང་ཚོའི་ཁོར་ཡུག་ཏུ་དྲ་འབུ་དག་གིས་སྤེལ་བཞིན་པའི་དཀྲོག་གཏམ་དག་གིས་བཞག་པའི་བག་ཆགས་རེད།

དཀྲོག་གཏམ་འདི་ནི་ནམ་རྒྱུན་བོད་པའི་དྲ་འབུ་དག་གིས་སྤེལ་བའི་དཀྲོག་གཏམ་དང་མི་འདྲ་བར་ནུས་ཤུགས་ཆེ་ཞིང། རྒྱབ་ལྗོངས་མཐུག་པའི་དཀྲོག་གཏམ་ཞིག་ཡིན་པ་དང། དེ་ཡང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འཇིགས་སྐུལ་རིང་ལུགས་པ་དང་འབྲེལ་བ་ཡོད་པ་མ་ཟད། དེ་ཡང་པ་ཀི་སཱི་ཐན་དང་འབྲེལ་བ་ཡོད་ཚུལ་བསྒྲགས་བཞིན་འདུག ལྷག་དོན་དཀྲོག་གཏམ་དེའི་ཤུགས་རྐྱེན་ལ་བརྟེན་ནས་བྷེང་ལོར་དང། མུམ་བྷའེ། ཅི་ནའེ་སོགས་ནས་ཨ་སམ་ཁུལ་ནས་ཡིན་པའི་ཡུལ་མི་སྟོང་ཕྲག་སུམ་ཅུ་ལྷག་ཅིག་ཕྱིར་རང་ཡུལ་ལ་ཉེན་གཡོལ་དུ་ཕྱིན་པ་དང། རྒྱ་གར་གཞུང་གི་དཔོན་རིགས་དང་ཉེན་རྟོག་པས་འགྲེལ་བཤད་བརྒྱབ་ཀྱང་ཉན་འཇོག་བྱས་མེད།

ད་དུང་དཀྲོག་གཏམ་དེས་རྒྱ་གར་གྱི་གྲོས་ཚོགས་འུར་ཟིང་ངེ་བཏང་ཡོད་ལ། རྒྱ་གར་མི་མང་གི་ལྷིང་འཇགས་ཀྱང་འདི་དང་ཆབས་གཅིག་ཏུ་དཀྲོག་ཡོད། དཀྲོག་གཏམ་འདི་ནི་དྲ་ལམ་དང་ལག་འཛིན་ཁ་པར་བརྒྱུད་སྤྱི་ཚོགས་ནང་བཀྲམ་ཡོད་ལ། དོན་དངོས་ཀྱི་གནས་ཚུལ་གསེད་བཀྲོལ་བྱེད་མཁན་ཞིག་མེད་ན། ཁམས་ཡུལ་ཤུལ་གྱི་ས་ཡོམ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་བོད་རིགས་མི་མང་གི་ཕུང་པོའི་འགྲམ་དུ། གྲྭ་བཙུན་རྣམས་ཡར་མང་འགྲོ་བཞིན་པ་འདི་དག་ནང་པས་ཁ་ཆེ་བ་དམར་གསོད་བཏང་བ་རེད་ཅེས་བརྗོད་ཚེ། ཁ་ཆེའི་ཆོས་བརྒྱུད་འཛིན་པའི་མི་མང་ཚོའི་སེམས་ནང་ལ་ཚོར་ཤུགས་ཆེན་པོ་ཞིག་འབྱུང་བར་རྒྱུ་མཚན་མེད་པ་གཏན་ནས་མིན།

གནད་དོན་འདི་གཙང་སེལ་བྱེད་པར་ཆབ་སྲིད་ཀྱི་སྣེ་མོ་བ་དག་གིས་ནུས་པ་དེ་ཙམ་ཐོན་མི་ཐུབ་ལ། ནང་པ་ཚོའི་འགྲེལ་བཤད་ཀྱིས་ཀྱང་ནུས་པ་དེ་བས་ཐོན་དཀའ། འདྲ་པར་དེ་དག་གི་དངོས་ཡོད་གནས་ཚུལ་གང་ཡིན་ཤེས་པའི་ཁ་ཆེའི་ཆོས་དཔོན་ཚོས་སྣེ་ཁྲིད་ནས་མི་མང་ལ་འགྲེལ་བརྗོད་གོ་བསྐོན་གྱི་ལས་འགུལ་ཞིག་སྤེལ་ན། གཞི་ནས་དོན་དངོས་ཤེས་རྟོགས་དང་འཁོན་སེམས་གཙང་སེལ་ཆགས་པའི་རེ་བ་ཡོད། ཉེ་ཆར་འབར་མའི་ནང་བྷེང་ལ་དྷེ་ཤི་ནས་ཡོང་བའི་ཁ་ཆེ་བ་དང། ས་གནས་ནང་པའི་ཡུལ་མིའི་བར་འཁྲུགས་འཛིང་བྱུང་བ་དང། རྒྱ་གར་ཨ་སམ་ཁུལ་དུ་ཡང་དེ་དང་འདྲ་བའི་གནས་ཚུལ་ཐོན་ཡོད་པས། དེ་དང་བསྟུན་ནས་དཀྲོག་གཏམ་སྤེལ་ན་རྒྱ་གར་ནང་གི་བདེ་འཇགས་ལ་དཀྲོག་རྐྱེན་ཆགས་ངེས་རེད་སྙམ་པའི་གོ་སྐབས་བཟུང་བ་རེད།

པཱ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་ཚོས་ཆེད་གཉེར་བོད་པར་གནག་གནག་བྱེད་དགོས་པའི་རྒྱུ་མཚན་ཆེན་པོ་མེད་ཀྱང། གནས་ཚུལ་དེ་དང་བསྟུན་རྒྱ་ནག་གཞུང་གིས་ཀྱང་ལག་པ་ཞིག་བསྲིང་མེད་དམ་སྙམ་པའི་དོགས་པ་རང་བཞིན་གྱིས་ཡོད། ལྷག་དོན་ཉེ་ཆར་མའེ་སོར་གྲོང་ཁྱེར་ནང་བོད་རིགས་ན་གཞོན་ཞིག་ལ་རྒྱ་གར་བས་གྲི་བརྒྱབ་པའི་དོན་རྐྱེན་དེ་ཡང་དུས་ཚོད་དེ་དང་སྟབས་བསྟུན་ནས་བྱུང་ཡོད་པས། དཀྲོག་གཏམ་དེ་དང་འབྲེལ་བ་ཡོད་པ་གསལ་པོ་རེད། བོད་པར་མཚོན་ན་དགྲ་བོ་རྒྱ་དམར་དྲག་གཞུང་གི་ཐོག་ལ་མཚོན་ཁབ་རྩེ་ཙམ་ཞིག་འཛིན་འཆར་མེད་པས། དོན་མེད་ཁ་ཆེ་བ་ཚོ་གསོད་དགོས་དོན་དེ་བས་མེད་པ་ནི། བོད་པའི་ས་གནས་དང་ཉེ་འབྲེལ་དུ་ཡོད་པའི་ཡུལ་མི་ཚོས་གནད་དོན་འདི་ཙམ་ཤེས་རྟོགས་ཡོད་ངེས་རེད།

འོན་ཀྱང་གནད་དོན་འདི་དག་ལ་བལྟས་ན་བོད་རིགས་མཐོ་སློབ་པ་ཞིག་ལ་གྲི་ཐེབས་པ་དེ་ཡང་རྒྱུ་མེད་རྐྱེན་མེད་ཅིག་མ་ཡིན་པར། ལག་དམར་བ་དེ་གཉིས་ལ་གཅིག་ལ་གཉིས་བརྒྱུད་ཀྱིས་རྒྱུད་སྐུལ་བྱེད་མཁན་ཞིག་བྱུང་ཡོད་པ་ཧ་ཅང་གསལ་པོ་རེད། ད་ལྟའི་ཆར་བོད་མི་དེ་ཨ་སམ་ཁུལ་གྱི་མི་དང་ནོར་བ་ཡིན་སྲིད་ཚུལ་བརྗོད་མཁན་ཡོད་མོད། ད་བར་ཨ་སམ་ཁུལ་ནས་ཡིན་པའི་མི་སུ་ཞིག་ལ་ལྷོ་ཕྱོགས་ཁུལ་ནས་དོན་རྐྱེན་ལྷགས་མེད་པས། བོད་རིགས་ན་གཞོན་གཅིག་གི་མགོ་ལ་སྡུག་བསྔལ་དེ་ལྟ་བུ་ཞིག་ཡོང་དགོས་དོན་མེད། བོད་པ་གནས་ཡུལ་ལྷོ་གཞིས་ཆེ་ཁག་དང་འབྲེལ་བའི་ས་གནས་ཤིག་ཏུ་དོན་རྐྱེན་དེ་བྱུང་བའི་རྒྱབ་ལོག་ན་རྒྱ་དམར་གཞུང་གི་འགྲོ་སོང་གང་མང་ཞིག་བཏང་མེད་དམ་སྙམ།

རྒྱ་གར་གཞུང་གི་ངོས་ནས་ཕྱོགས་གཅིག་ཙམ་མིན་པར་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་དགོས་པ་དང། བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་ད་ལྟའི་གནས་ཚུལ་དེ་བྱ་རྡོ་ལམ་འཕྲད་ལྟ་བུར་བྱུང་བ་ཞིག་ཏུ་ངོས་འཛིན་མི་རུང་བར། ད་བར་འདས་པའི་མི་ལོ་༥༠ ལྷག་གི་རིང་བཙན་བྱོལ་བོད་མི་རྣམས་རྒྱ་གར་གཞུང་གི་ཐུགས་རྗེ་རོགས་རམ་འོག་རང་དབང་ལུང་པར་གནས་རྒྱུའི་གོ་སྐབས་བྱུང་བ། རྒྱ་དམར་གཞུང་གིས་སེམས་ལ་མ་སོང་བར། བོད་པ་དང་ཡུལ་མིའི་དབར་དཀྲུགས་ཤིང་དང་དཀྲོག་གཏམ་སྤེལ་མཁན་ཡོད་ངེས་རེད་ལ། ད་ལན་ཡང་གནས་ཚུལ་འདི་དག་དང་འབྲེལ་ནས་ཞིབ་འཇུག་བྱེད་མ་ཐུབ་ན་ཆག་སྒོ་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད།།