ཁམས་འབྲི་རུ་རྫོང་གི་བོད་མི་ཁག་ཅིག་ལ་ཁྲིམས་ཆད།

བོད་ཀྱི་ཁམས་འབྲི་རུ་རྫོང་དུ་རྒྱ་གཞུང་གིས་ལོ་འདིའི་སྤྱི་ཟླ་༣ པ་ནས་མགོ་བརྩམས་ཏེ་དམག་མི་ཁྲི་༢ ཙམ་བཏང་སྟེ། ཁུལ་དེའི་མི་མང་ཚོ་གང་བྱུང་གིས་འཛིན་བཟུང་བྱས་ནས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕིན་ཁང་ལ་ཁ་པར་བརྒྱུད་བོད་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁམས་འབྲི་རུ་རྫོང་དུ་རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་ལས་དོན་རུ་ཁག་ཟེར་བ་བཏང་ནས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ལོ་འདིའི་སྤྱི་ཟླ་༣ པ་ནས་འགོ་བརྩམས་ཏེ་སྤྱི་ཚོགས་བརྟན་བརླིང་ཟེར་བའི་མིང་ཐོག་ནས་དམག་མི་ཁྲི་༢ ཙམ་ཁུལ་དེར་འགྲེམས་འཇོག་བྱས་ཏེ། བོད་མི་རྣམས་གང་བྱུང་འཛིན་བཟུང་གིས་ཆུ་ཚོད་འགའ་རེ་དང་ཉིན་གྲངས་འགའ་རེའི་བར་བཀག་ཉར་བྱས་ཡོད་པའི་མི་གྲངས་སྟོང་ཕྲག་འགའ་བྱུང་ཡོད་པ་དང་། ཁོང་ཚོ་མང་ཆེ་བས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཡོང་ཐབས་བགྲོ་གླེང་དང་། ལྷག་དཀར་སྲུང་བརྩི་བྱེད་པ་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད།

དེ་ཡང་རྒྱ་གཞུང་གིས་འཛིན་བཟུང་བྱེད་སྟངས་མང་ཆེ་བ་རྟོགས་སད་ཚོགས་པ་དང་། དཀར་ཟས་ཚོགས་པ། ཕ་སྐད་ཚོགས་པ་སོགས་ཀྱི་མིང་ཐོག་ནས་འཛིན་བཟུང་བྱེད་ཀྱི་ཡོད་པ་དང་། ད་དུང་ཤག་ཆུ་ཁ་གྲོང་དུ་རྒྱ་གཞུང་གི་རྒྱལ་དར་མེར་བསྲེག་བཏང་བའི་རྐྱེན་གྱིས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་གི་ཡོད་པ་རེད་འདུག

དེ་ཡང་རྩ་བས་སྤྱི་ལོ་༢༠༠༩ ནས་བཟུང་སྟེ་དམིགས་བསལ་གྱིས་ཚོགས་པ་དེ་འདྲ་བཙུགས་མེད་ན་ཡང་གོང་གསལ་གྱི་ཚོགས་པ་དེ་དག་རང་བཞིན་གྱིས་ཆགས་ཏེ། ཚོགས་པ་དེ་དག་གི་མིང་ཐོག་ནས་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་། སྐད་ཡིག་རང་དབང་གི་ཐོག་ལ་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད་འདུག

རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ཐག་ཆོད་བྱས་པ་དག་ལ་ལོ་༡ དང་། ཟླ་བ་༨་ནས་༢ བར་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ཚོར་ནག་ཉེས་འདི་རེད་ཅེས་བཤད་མེད་ཀྱང་། ཁག་ཅིག་ལ་༧གོང་ས་མཆོག་གི་སྐུ་པར་ཡོད་སྐོར་གྱི་སྙད་བཏག་ནས་འཛིན་བཟུང་བྱས་ཡོད་འདུག ད་དུང་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཁོངས་སུ་ལོ་འདིར་དུས་དབང་ཞུ་སར་འགྲོ་མཁན་༣ ཡོད་པ་དང་། ཁོང་ཚོ་ཉིན་ཤས་རིང་བཀག་ནར་བྱས་ཏེ་ཀློད་གྲོལ་བཏང་ཡོད་ན་ཡང་། ཕྱིས་སུ་ཡང་བསྐྱར་འཛིན་བཟུང་བྱས་ཏེ་ལོ་༢ ཀྱིས་ཁྲིམས་ཐག་བཅད་ཡོད་པ་རེད།

གཞན་ཡང་གཏེར་ཁ་ཤག་ནང་གི་གྲོང་པའི་མི་གྲངས་༢༠ ལྷག་འཛིན་བཟུང་བྱས་ཏེ། ཁག་ཞིག་ལ་ལོ་༡ དང་ཟླ་བ་༦ ནས་ལོ་༢ བར་གྱི་ཉེས་ཆད་ཁྲིམས་ཆད་བཅད་ཡོད་པ་དང་། ཡང་དེ་དག་གི་ཁྲོད་གར་སོང་ཆ་མེད་དུ་གྱུར་པའི་རིགས་ཤིག་བྱུང་ཡོད་པ་ལས་མིང་ཤེས་པ་ཁག་ཅིག་བྱུང་ཡོད་པ་ནི། དགེ་རྒན་པ་སངས་དང་། མགོན་པོ། ཨོ་རྒྱན། བསོད་ནམས་དགྲ་འདུལ་བཅས་ཡིན་སྐོར་སོགས་བརྗོད་འདུག

ཁུལ་དེའི་ཤེས་ཡོན་པ་དང་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་གྱི་མི་མང་ཆེ་བ་རྒྱ་གཞུང་གིས་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད་འདུག་ལ། གནད་དོན་ཏོག་ཙམ་རེ་བྱུང་ཚེ་ཆབ་སྲིད་ཀྱི་ཉེས་མིང་བཙུགས་ཏེ། དྲང་བདེན་གྱི་སྐད་ཆ་བཤད་དབང་མེད་པར་གང་བྱུང་གིས་འཛིན་བཟུང་འོག མི་མང་ལ་དཀའ་ངལ་ཤུགས་ཆེན་པོ་འཕྲད་བཞིན་ཡོད་འདུག