༄༅།།ས་སྟེང་གི་སེར་འབྲས་དགའ་གསུམ།

བཏབ་པའི་ཆོས་སྡེ།         འདེབས་པ་པོ།        འདེབས་དུས་ཕྱི་ལོ།       འཁྲུངས་འདས།       བཞུགས་ལོ།
དགའ་ལྡན་དགོན་པ།     རྗེ་བླ་མ་བློ་བཟང་གྲགས་པ།     1409/     1357-1419/     63/
འཁོར་ལ་འབྱོན་པ་རྣམས་འབྱོན་བཞུད་མངས་བས་ཅུང་ཟད་ཐུགས་སུན་ནས།དབེན་དགོན་ཞིག་འདིངས་བའི་ཞུ་བ་སྔ་མོ་ནས་འབུལ་གྱིན་ཡོད་པས།དེའི་ཚེ་ཡོན་བདག་བུ་སློབ་སོ་སོ་ནས་དགོན་པ་རྙིང་པ་  འབུལ་བ་དང་གསར་པ་འདིངས་ཟེར་ནས་གསོལ་བ་འདེབས་པ་མང་དུ་བྱུང་བས་དེ་རྣམས་གང་བཟང་།ཇོ་བོ་རིན་པོ་ཆེའི་དྲུང་དུ་གསོལ་བ་བཏབ་ནས་མནལ་ལམ་སོགས་ཀྱི་ལྟས་བརྟགས་པ་ན།ཐམས་ཅད་ཀྱི་ནང་ནས་འབྲོག་རི་བོ་ཆེ་བཟང་བར་བྱུང་སྟེ།ཕྱི་ལོ་༡༤༠༩ལོར་འདུལ་བ་ནས་ཇི་ལྟར་གསུངས་པ་བཞིན་དུ།དང་པོར་གཞི་བརྟགས་པ་དང་བརྟགས་ནས་དགེ་འདུན་ལ་གསོལ་བ་དང་།དེ་ནས་དགེ་འདུན་གྱིས་གནང་བ་སྦྱིན་པ་དང་།ལག་གི་བླ་སྐོ་བ་དང་རྡོ་བཏེག་པའི་མ྇ཐའ་ལས་རུང་ཁང་གཅོད་པ་དང་།ཁང་པའི་ཚད་ལས་མ་ལྷག་པར་རྩིག་པ་སོགས་ཀྱི་ཕྱག་ལེན་དག་ཏེར་ཅན་མཛད་པས་མཁར་ལས་ཙམ་གྱིས་ཀྱང་བསྟན་པ་རིན་པོ་ཆེ་གསལ་བར་མཛད་དོ།།ཞེས་གསུངས་པ་ལྟར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་བོ།།

བྱང་རྩེ་གྲྭ་ཚང་།     རྗེའི་དངོས་སློབ་སེམས་དཔལ་ཆེན་པོ་ཧོར་སྟོན་ནམ་མཁའ་དཔའ་བཟང་།     རབས་བྱུང་བདུན་པ།     1373–1448     75/
རྗེ་ཙོང་ཁ་པའི་གཟིམ་ཆུང་ཉི་འོད་ཕུག་གི་བྱང་ཕྱོགས་རི་བོའི་རྩེ་མོ་རུ།འཆད་ཉན་གྱི་ཁང་པ་བརྩིགས་ཏེ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་འདི་པ་གཉིས་ནས་རྗེའི་དགོངས་བཞེད་དང་མཐུན་པའི་ཆོས་ཚུལ་རྒྱ་ཆེན་སྤེལ་བ་ནས་རྗེ་བླ་མ་དག་ཞིང་དུ་གཤེགས་པའི་རྗེས་སུ་མཁས་གྲུབ་ཆོས་རྗེ་ཁྲི་པ་མཛད་སྐབས་བཤད་གྲྭ་ཁག་བཞི་ཚུགས་ཤིང་།བཤད་གྲྭ་འདི་ཉིད་ལ་སློབ་ཚོགས་ནམ་མཁའི་སྐར་ཚོགས་ལྟར་འཕེལ་ནས་རིམ་བཞིན་དཔལ་ལྡན་པ་དང་ཡར་འབྲོག་པ་གཉིས་འདི་ལ་བསྒྲིལ་ཏེ་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ཞེས་བྱ་བ་འདི་ཆགས་སོ།།ལ་ལས་ཐོས་བསམ་དང་ནོར་གླིང་གཉིས་དཔལྡན་པ་དང་ཡར་འབྲོག་ཡིན་པར་བཞེདོ།།
ཤར་རྩེ་གྲྭ་ཚང་།     འཁོར་དག་པ་རྣམ་བརྒྱད་ཀྱི་ནང་ཚན་གནས་བརྟན་རིན་ཆེན་རྒྱལ་མཚན།     1424/     1366–1427     62/
སྟོད་ལུང་དུ་སྐུ་འཁྲུངས་པའི་རྗེ་འདི་ཉིད་ཀྱིས་༧རྗེ་ཙོང་ཁ་པ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་ཇི་ལྟར་གནང་བ་ལྟར་དགའ་ལྡན་ཤར་རྩེའི་འཆད་ཉན་གྱི་སྲོལ་བཙུགས་ཏེ་རིམ་བཞིན་པཎ་ཆེན་པ་དང་སྟོན་པ་བ་གཉིས་འདི་ལ་བསྒྲིལ་ཏེ་ཤར་རྩེ་ཐོས་བསམ་གླིང་གྲྭ་ཚང་ཆགས་སོ།།འགའ་ཞིག་གིས་དིའི་ཕྱག་འདེབས་པ་པོ་མཁས་གྲུབ་རིན་པོ་ཆེ་ཡིན་པར་བཞེད་པས་དེ་ལྟར་ན་ཕྱག་འདེབས་པ་པོ་ཕྱི་ལོ་༡༣༨༥ལོར་འཁྲུངས་ནས་༡༤༣༨མྱ་ངན་ལས་འདས་པས་ན་དགུང་ལོ་༥༤་བཞུགས་སོ།།ཕྱག་འདེབས་དུས་རབས་བྱུང་བདུན་པའི་སྨད་ལ་ཡིན།།
འབྲས་སྤུངས་དགོན་པ།     རྗེའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན།     1416/     1379—1449     71/
༧རྗེ་ཙོང་ཁ་པས་འགོག་པ་རི་ནས་གཏེར་དུ་བླངས་པའི་ཆོས་དུང་གཡས་འཁྱིལ་ཞིག་དང་ལུང་བསྟན་གནང་བ་ལྟར་གནས་དེར་ཕེབས་ནས་ཤར་ངོས་སུ་གཟིམ་སྤྱིལ་བྲག་ཐོག་ཁང་དུ་བཞུགས་ཏེ་མདོ་སྔགས་ཀྱི་གཞུང་མང་དུ་གསུངས་པས་བུ་སློབ་མང་དུ་འདུས།གཞིས་ཀ་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་ཞུས་ཏེ་ཐོག་མར་ཚོགས་ཆེན་འདུ་ཁང་ཀ་བ་བརྒྱ་དང་བརྒྱད་ཡོད་པ་ཞིག་བསྐྲུན།རིམ་བཞིན་སྔགས་ཁང་དང་བྱམས་ཁང་མགོན་ཁང་གྲྭ་ཤག་བཅས་བཞེངས།ཕྱིས་སུ་བུ་སློབ་རྣམས་ཀྱིས་བཞེངས་པའི་གྲྭ་ཚང་བདུན་བྱུང་།།
བློ་གླིང་གྲྭ་ཚང་།     འཇམ་དབྱངས་ཆོས་རྗེའི་དངོས་སློབ་འདན་མ་ཡེ་ཤེས་ལེགས་ལྡན།     1416/     དུས་13-14      
འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་མཆོག་གིས་གྲྭ་ཚང་བདུན་གྱི་ནང་ཚན་བློ་གསལ་གླིང་གི་འཆད་ཉན་པར་རྗེ་འདི་བསྐོས་ནས་ཕྱི་ལོ་༡༤༡༦ནས་༡༤༢༨བར་འཆད་ཉན་གྱི་སྲོལ་རྒྱ་ཆེ་སྤེལ་བས་མཁས་མང་བྱེ་བའི་བློ་གསལ་གླིང་གི་གྲྭ་ཚང་འདི་ཉིད་ཆགས་སོ།།
སྒོ་མང་གྲྭ་ཚང་།     འཇམ་དབྱངས་ཆོས་རྗེའི་དངོས་སློབ་དྲུང་རིན་ཆེན་གྲགས་པ།     1416/     དུས་13-14      
འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་མཆོག་གིས་གྲྭ་ཚང་བདུན་གྱི་ནང་ཚན་སྒོ་མང་གྲྭ་ཚང་གི་འཆད་ཉན་པར་རྗེ་འདི་བསྐོས་ཏེ་འཆད་ཉན་རྒྱ་ཆེ་སྤེལ་བས་བཀྲ་ཤིས་སྒོ་མང་གྲྭ་ཚང་ཆགས།དེ་ཡང་མཚན་གྱི་དང་པོར་བཀྲ་ཤིས་འབྱུང་བའང་གྲྭ་ཚང་གཞན་རྣམས་ལས་ཐོག་མར་ཆགས་ཤིང་བཀྲ་ཤིས་པ་ཡོང་བའི་རྟེན་འབྲེལ་དང་སྒོ་མང་ཞེས་པ་ནི་རྣམ་པར་བཀྲ་བའི་རིགས་པ་དྲི་མ་མེད་པས་འཕགས་བོད་ཀྱི་གཞུང་ལུགས་མཐའ་དག་ནི་དཀའ་གནད་ཀྱི་སྒོ་འཕར་བརྒྱ་ཕྲག་མང་པོས་ལེགས་པར་འབྱེད་པས་དེ་སྐད་འདོགས་ཞེས་གསུངས་པ་ལྟར་རོ།
སེ་ར་དགོན་པ།     རྗེའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས།     1419/     1354-1435     72/
༧རྗེ་ཙོང་ཁ་པས་རྩ་ཤེས་ཊཱིཀ་ཆེན་སོགས་མདོ་སྔགས་ཀྱི་ཆོས་འཁོར་བསྐོར་བའི་གནས་ཁྱད་པར་ཅན་ཤིང་སེ་བའི་ར་བ་ཡོད་པ་དེར་དགོན་སྡེ་ཆེན་པོ་ཡོང་བར་ལུང་བསྟན་པ་ལྟར་ཐོག་མར་བཀྲ་ཤིས་གསོ་སྦྱོང་།དེ་ནས་གནོད་ཟློག་གསོ་སྦྱོང་དེ་ནས་དུས་འབྲེལ་གསོ་སྦྱོང་སོགས་འཚོགས་ཏེ་ས་གཞི་བྱིན་རླབས།དེ་ལྟར་ས་གཞི་བརྟགས་སློང་བསྲུང་གསུམ་སོགས་ཀྱི་རྒྱུད་སྡེའི་ས་ཆོག་དང་ཡོངས་སུ་མཐུན་པའི་ཕྱག་ལེན་མཛད་ནས་སེ་ར་ཐེག་པ་ཆེན་པོའི་གླིང་ཕྱག་བཏབ་བོ།།
སེར་སྨད་གྲྭ་ཚང་།     རྗེའི་དངོས་སློབ་ཀུན་མཁྱེན་བྱང་ཆུབ་འབུམ།           དུས་13-14      
གུང་རི་རྒྱལ་མཚན་བཟང་པོས་སེ་རའི་སློབ་དཔོན་གནང་སྐབས་རང་གི་སློབ་མ་རྣམས་ཆ་བཞི་བགོས་ཏེ་འཆད་ཉན་འཛུགས།སྨད་གྲྭ་ཚང་གི་འཆད་ཉན་པ་ཀུན་མཁྱེན་བྱང་ཆུབ་འབུམ་བསྐོས།དེ་ནས་རིམ་བཞིན་སློབ་ཚོགས་ཤིན་ཏུ་འཕེལ་ཏེ་ཕྱིས་སུ་སྟོད་པ་གྲྭ་ཚང་གི་སྤོ་བོ་ཁང་ཚན་དང་གུང་རུ་ཁང་ཚན་གཉིས་སྨད་གྲྭ་ཚང་ལ་བསྒྲིལ་ཏེ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་ཧ་ཅང་རྒྱས་པ་དེ་བྱུང་།། 
སེར་བྱེས་གྲྭ་ཚང་།     རྗེ་དགེ་འདུན་གྲུབ་ཀྱི་དངོས་སློབ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ           དུས་13-14      
ཆོས་རྗེ་འདིས་འབྲས་སྤུངས་སུ་ཟུར་ཆོས་གནང་ནས་སློབ་ཚོགས་ཧ་ཅང་འཕེལ་བཞིན་པའི་སྐབས་སུ་མཁས་རློམ་འགས་ཐུགས་སུན་བྱུང་བ་ལ་བརྟེན་ནས་རང་གི་ཞལ་སློབ་རིག་པའི་དབང་ཕྱུག་བརྒྱ་ཕྲག་དང་བཅས་སེ་རར་བྱོན་ཏེ་སྔོན་རྗེ་ཙོང་ཁ་པས་མདོ་ཕྱོགས་ཀྱི་དཔྱོད་པ་རྫོགས་སྐབས་མདོ་ཡི་སྟོང་ཉིད་ཉི་ཤུའི་འགྲེལ་རྐང་རེ་རེ་བཞིན་ནམ་མཁའ་ནས་ཨ་ཡིག་མདོག་ཅན་བབ་སའི་གནས་ཆེན་དེ་ན་གཏན་ཆགས་ཤིང་གནས་བརྟན་ཡན་ལག་འབྱུང་གི་སྐུ་ཡིས།་ཀུན་མཁྱེན་ཆེན་པོ་བྱོན་པ་ལེགས།།བསྟན་པའི་རྒྱལ་མཚན་འཛུགས་པ་ལེགས།།ཞེས་གསུངས་པ་ལྟར་སེར་བྱེས་མཁས་སྙན་གྲྭ་ཚང་ཕྱག་བཏབ་བོ།།
བཀྲ་ཤིས་ལྷུན་པོ།     རྗེ་དགེ་འདུན་གྲུབ།     1447/     1391–1474     84/
དགའ་ལྡན་ཕྱག་བཏབ་ནས་ལོ་ཉེར་དགུ་ལོན་པ་ན་དགའ་ལྡན་ཁྲི་པ་ཞྭ་ལུ་བའི་རྗེས་སུ་རྗེ་འདི་དགའ་ལྡན་ཁྲིར་ཕེབས་དགོས་ཚུལ་ནན་ཏན་ཞུས་ཀྱང་དགྲ་མཁར་དགྲའི་ལུང་པར་རྒྱག་དགོས་པ་ཡིན།ངེད་རང་གི་འདིར་ཡང་དགའ་ལྡན་ཙམ་ཞིག་འོང་བའི་རེ་བ་ཡོད་གསུངས་ནས་ཐོག་མར་ཐོས་བསམ་གླིང་།དཀྱིལ་ཁང་།ཤར་རྩེ་གྲྭ་ཚང་བཅས་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་བོ།།
རྒྱུད་སྨད་གྲྭ་ཚང་།     རྗེ་ཤེས་རབ་སེང་གེ     1403/     1382–1445     64/
༧རྗེ་ཙོང་ཁ་པས་མཁས་ཆེན་ཤིན་ཏུ་མང་པོ་ལ་གསང་བདེ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་གནང་ནས་འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་ཕྱག་གིས་བཏེག་ནས་འདི་བདག་ཐུབ་པ་སུ་ཡོད།ཅེས་ལན་གསུམ་གྱི་བར་དུ་གསུངས་ཀྱང་སུས་ཀྱང་ལན་ཞུ་མ་ནུས་པ་ལ།རྗེ་འདིསབདག་གིས་བགྱི་ཞེས་ཞུས་ཏེ་ཕྱག་ལན་གསུམ་མཛད་ནས་གླེགས་བམ་བླངས།གཙང་ལ་ཕེབས་ནས་རིམ་བཞིན་བུ་སློབ་འདུལ་ནག་པ་ལ་ཞལ་ཏ་གནང་ནས་གཙང་སྟོད་སྲད་རྒྱུད་པ་བཙུགས་ནས་དབུས་སུ་བྱོན། དེ་ནས་རྒྱུད་སྨད་པ་བཙུགས་ཏེ་རྒྱུད་ཀྱི་རྒྱལ་པོའི་འཆད་ཉན་ཧ་ཅང་དར་བའི་རྒྱུད་སྨད་གྲྭ་ཚང་འདི་བྱུང་།
རྒྱུད་སྟོད་གྲྭ་ཚང་།     གནས་རྙིང་ཀུན་དགའ་དོན་གྲུབ།     1474/     1419-1486     68/
རྗེ་འདི་ཉིད་རྒྱུད་སྨད་བཞུགས་པའི་སྐབས་ཤིག་ལ་རྒྱུད་ཀྱི་འཆད་ཉན་པ་སྦྱིན་པ་དཔལ་བ་དང་གྲགས་བཟང་པ་གཉིས་ལོ་སྔ་ཕྱི་ལ་གཤེགས་པས་རྒྱུད་ཀྱི་འཆད་ཉན་པ་ཁོང་ལ་འོས་པ་ཡིན་ཀྱང་།དབུ་མཛད་དོན་ཡོན་སོགས་ཀྱིས་ཀྲེའུ་བཀྲ་ཤིས་རྒྱལ་མཚན་བསྐོས་པར་ཐུགས་ཅུང་སུན་ནས་མགོན་ཐང་དང་ཀ་པཱ་ལ་གནང་ནས་དབུས་སྟོད་ལ་བྱོན།དཔོན་སློབ་སུམ་ཅུ་སོ་གཉིས་བྱུང་བས་འདུས་པའི་ལྷ་གྲངས་དང་མཉམ་པའི་རྟེན་འབྲེལ་འགྲིགལོ་རེ་བཞིན་གྲྭ་ཚོགས་ཇེ་འཕེལ་དུ་སོང་ནས་རྒྱུད་སྟོད་གྲྭ་ཚང་འདི་བྱུང་།།
རི་བོ་དགེ་ལྡན་པའི་བསྟན་པ་ཁྱད་པར་དུ་འཕགས་ཚུལ།།
དང་པོ།ལྟ་བའི་ཐོག་ནས་ཁྱད་པར་དུ་འཕགས་ཚུལ།     གངས་རིའི་ཁྲོད་འདིར་སྔ་རབས་ཀྱི་མཁས་གྲུབ་རིམ་བྱོན་ཕལ་མོ་ཆེས་ལྟ་བའི་བཤད་སྲོལ་ཐ་དད་པ་ལ་བརྟེན་ནས་ལྟ་བའི་མིང་འདོགས་ལུགས་བཀའ་བསྟན་གྱི་གླེགས་བམ་ནང་མ་གྲགས་པ་སྣ་ཚོགས་ཤིག་བྱུང་སྟེ།རྙིང་མའི་རྫོགས་ཆེན།བཀའ་བརྒྱུད་པའི་ཕྱག་ཆེན།ས་སྐྱ་པའི་གསལ་སྟོང་འཛིན་མེད།ཤངས་པ་བཀའ་བརྒྱུད་པའི་གའུ་མ།དྭགས་པོའི་ལྷན་ཅིག་སྐྱེས་སྦྱོར།འབྲི་གུང་པའི་ལྔ་ལྡན།ཞང་པའི་དཀར་པོ་ཆིག་ཐུབ།ཇོ་ནང་པའི་གཞན་སྟོང་སོགས་བྱུང་།དེ་ཡང་ཅི་མེད་ཅང་མེད་ཡོད་མིན་མེད་མིན་སྟོང་ཉིད་བདེན་གྲུབ་སོགས་རང་གི་བློ་གྲོས་ཡོད་རྒུ་བཏོན་ནས་ཉམས་སྤེལ་སྣ་ཚོགས་བྱས།དུས་རབས་བཅུ་གསུམ་པའི་སྨད་ཀྱི་སྟོད་ལ་རྗེ་བླ་མ་ཙོང་ཁ་པ་ཡང་བླ་མ་ཁོང་རྣམས་ཀྱི་དྲུང་ནས་ཆོས་གསོན་ཞིང་སློབ་གཉེར་བྱེད་པའི་སྐབས་དེར་ཐུགས་ལ་ཁས་ལེན་ཅི་ཡང་མེད་ཅིང་གང་ཡང་རང་ལུགས་ལ་བཞག་ས་མེད་པར་གཞན་ངོར་འབའ་ཞིག་ལ་སྐྱེལ་བའི་དབུ་མའི་ལྟ་བ་དེ་ཅུང་ཐུགས་ལ་བདེ་བར་ཡོད་པས།རྗེ་བཙུན་འཇམ་པའི་དབྱངས་ལ་བདག་གི་དབུ་མའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བ་ཡིན་ཞུས་པས།གང་གིའང་མིན་ཞེས་གསུངས།དེ་ནས་རྗེ་ཙོང་ཁ་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་ལྟར་ཉམས་ལེན་སུམ་སྒྲིལ་མཐའ་ཕྱིན་པར་གནང་སྟེ་དགུང་ལོ་༤༡ལ་ཀླུ་སྒྲུབ་གཙོ་འཁོར་ཞལ་གཟིགས་དང་བཅས་བུདྡྷ་པཱ་ལི་ཏ་གཟིགས་པའི་རྐྱེན་བྱས་མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིགདེ་ཁོ་ན་ཉིད་ཀྱི་དོན་ལ་མཐའ་གཞན་དུ་དོགས་པའི་སྒྲོ་འདོགས་ལྷག་མ་མེད་པར་དྲུངས་ཕྱུང་ཏེ།ཐུབ་པ་བཅོམ་ལྡན་འདས་ལ་ཤེས་ནས་དད་པ་ཐོབ་པས་རྟེན་འབྲེལ་བསྟོད་པ་མཛད།དེའི་ནང་ཁྱེད་ཀྱི་གསུང་གི་གཅེས་པའི་མཛོད།།བརྟེན་ནས་འབྱུང་བར་ཁས་བླངས་ནས།།སྟོང་ཉིད་ང་རོ་མི་བཟོད་པ།།འདི་ལ་ཁོ་བོ་ངོ་མཚར་གྱུར།།ཞེས་ཀྱང་གསུངས།གཞན་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྣང་ཕྱོགས་དང་སྟོང་ཕྱོགས་ལ་ཉེ་རིངགཏན་ནས་བྱེད་མི་ཉན།ཁྱད་པར་དུ་སྣང་བ་ལ་གཙིགས་སུ་བྱེད་དགོས་ཡང་ཡང་གསུངས།རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་བཏགས་པའི་དངོས་ལ་རེག་པར།།དེ་ཡི་དངོས་མེད་འཛིན་མ་ཡིན།།ཞེས་ལྷན་སྐྱེས་ཀྱི་བདེན་འཛིན་དང་དགག་བྱ་ལེགས་པར་ངོས་མ་ཟིན་ན་ལྟ་བའི་གོལ་ས་འཆུག་པའི་གནད་རྣམས་གཟིགས་ནས་དྲི་མ་མེད་པའི་ལུང་རིགས་ཀྱིས་མཚན་འཛིན་ཀུན་ལྷན་གྱི་ཡུལ་དང་ངོ་བོའི་ཁྱད་པར་ཐལ་རང་གི་ལྟ་བ་ཕྲ་མོའི་ཁྱད་པར་སོགས་ཞིབ་ཀྱིས་གཏན་ལ་ཕབ་པ་ལ།ལྷག་མཐོང་ཆེན་མོ།དྲང་ངེས་ལེགས་བཤད་སྙིང་པོ།རྩ་ཤེའི་རྣམ་བཤད་ཆེན་མོ།འཇུག་འགྲེལ་དགོངས་པ་རབ་གསལ་སོགས་མཛད་པས་ཞིབ་ཏུ་ཤེས་འདོད་ན་དེ་རྣམས་ལ་གཟིགས་གལ་ཆེ།།
གཉིས་པ། སྒོམ་པའི་ཐོག་ནས་ཁྱད་པར་དུ་འཕགས་ཚུལ།     དེ་ཡང་བོད་སྔ་རབས་པ་མང་པོ་ཞིག་གིས་སྒོམ་ཐམས་ཅད་འཇོག་སྒོ་ཁོ་ན་ལ་བསམ་ནས་དཔྱད་པ་སྒྲོ་འདོགས་གཅོད་བྱེད་ཁོ་ན་དང་སེམས་འཕྲོ་བྱེད་ཡིན་པས་སྐྱོན་དུ་བཟུང་ཞིང་།བྱིང་བ་ཕྲ་མོ་རྣམས་སྒོམ་རྣམ་དག་ཏུ་འཁྲུལ་ནས་དཔྱད་འཇོག་གཉིས་འགའ་ཟླར་སྨྲ་བར་བྱེད།སྔོན་བླ་མ་དབུ་མ་པས་སྒོམ་གྱི་མན་ངག་ལ་མཁས་པར་གྲགས་པའི་འབར་འཇག་གཉིས་ཀྱི་ནང་ཚན་འབར་ར་བ་རྒྱལ་མཚན་དཔལ་བཟང་གི་དྲུང་ནས་གསན་པའི་ལྷག་མཐོང་དེ་རྗེ་བཙུན་འཇམ་པའི་དབྱངས་ལ་ལྷག་མཐོང་མཚན་ཉིད་པ་ཨེ་ཡིན་ཞུས་པར།ཅིས་ཀྱང་མིན་ཞེས་གསུངས།སྐབས་དེར་ལྷག་མཐོང་མཚན་ཉིད་པ་འཆད་ཤེས་མཁན་ཡང་དཀོན་པ་སྣང་བས་སྒོམ་རྣམ་དག་ནི་ཉིན་མོའི་སྐར་མ་ལྟར་གནས།།རྗེ་ཙོང་ཁ་ཆེན་པོས་ལྷག་མཐོང་ཆེན་མོའི་ནང་སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་སོགས་ལས་གསུངས་པ་བཞིན།དཔྱད་སྒོམ་དགོས་པ་ལ་དཔྱོད་སྒོམ།འཇོག་སྒོམ་དགོས་པ་ལ་འཇོག་སྒོམ།དཔྱད་འཇོག་སྤེལ་མ་དགོས་པ་ལ་དེ་བཞིན།གཞན་ཡང་ཞི་ལྷག་སོ་སོའི་ཚོགས་བསྟེན་པ།དམིགས་རྟེན་གྱི་ཁྱད་པར།ཞི་གནས་སྒྲུབ་ཚུལ་ལ་དབུས་མཐའ་ལས་ཉེས་པ་ལྔ་སྤོང་འདུ་ཤེས་བརྒྱད་བསྟེན་ཚུལ།མདོ་སྡེ་རྒྱན་ལས་སེམས་གནས་པའི་ཐབས་དགུའི་གོ་རིམ།བྱིང་རྨུགས་དང་འཕྲོ་རྒོད་ཀྱི་ཁྱད་པར།དྲན་ཤེས་བཞིན་གྱི་ངོས་འཛིན་ལུས་སེམས་ཤིན་སྦྱངས་ཀྱི་རྟགས།གནས་ཆ་ཙམ་གྱིས་མི་ཆོག་པར་གསལ་བའི་ངར་དང་ལྡན་པ་དགོས་ཚུལ་སོགས་ཤིང་རྟ་ཆེན་པོའི་གཞུང་གི་དགོངས་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པ་ཡིན་པས་རྣམ་པ་ཐམས་ཅད་དུ་འཁྲུལ་བ་དང་བྲལ་བ་ཡིན་ནོ།།རྗེ་རང་གིས་ལྷག་མཐོང་ཞི་གནས་ཀྱི་མཇུག་ཏུ།རྗོད་བྱེད་བརླིང་པས་བློ་གྲོས་ཆུང་རྣམས་ཀྱིས།།ཇི་བཞིན་མ་རྟོགས་རང་གི་བློ་ཡི་སྐྱོན།།གཞན་ལ་བསྒོས་པའི་གཞུང་བཟང་དེ་དག་ལ།།མི་རྟོག་སྐྱོང་བའི་གདམས་པ་མེད་སྙམ་ནས།།ཡོད་པའི་གཞུང་དུ་མ་བཙལ་མེད་པའི་སར།།འབད་པ་དུ་མས་ཚོལ་ཞིང་རྙེད་པར་སེམས།།དེ་འདྲས་ཕྱི་རོལ་པ་དང་ནང་པ་ཡི།།ཏིང་འཛིན་རྣམས་ཀྱང་ཕྱེད་པར་མི་འགྱུར་ན།།ཐེག་པ་མཆོག་དང་ཐེག་པ་དམན་པ་དང་།།རྡོ་རྗེ་ཐེག་དང་ཕ་རོལ་ཕྱིན་པ་ཡི།།ཏེང་ངེ་འཛིན་གྱི་ཁྱད་པར་གང་ཡིན་པ།།ཇི་བཞིན་ཕྱེད་པར་འགྱུར་བ་སྨོས་ཅི་དགོས།།ཞེས་ཀྱང་གསུངས་པས་རྒྱས་པ་དེ་དང་དེ་ལ་གཟིགས་པར་འཚལ།།
གསུམ་པ། སྤྱོད་པའི་ཐོག་ནས་ཁྱད་པར་དུ་འཕགས་ཚུལ།     སྔ་རབས་པ་མང་པོ་ཞིག་གིས་སོ་ཐར་ལ་ལྟོས་མི་དགོས་པར་མ་ཟད་དེ་འདོར་དགོས་ཏེ།དེ་ནི་རང་དོན་ཡིད་བྱེད་ཀྱིས་ཀུན་ནས་བསླངས་པའི་ཕྱིར་དང་།སྤྱོད་པ་གལ་མི་ཆེ་སྟེ།དེ་ནི་སྟོན་པས་སྣོད་རུང་མིན་པའི་གདུལ་བྱ་དབང་རྟུལ་ལ་ཕན་པའི་ཆེད་ཙམ་བསྟན་པའི་ཕྱིར།བསམ་ཚུལ་དང་ལྟ་ཚུལ་དེ་འདྲ་བ་རྣམས་ཆེས་དར་ཁྱབ་ཏུ་སོང་བའི་དབང་གིས་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་རྨང་ནས་ཉམས་ཏེ་གྲྭ་ས་ཆེན་པོ་དག་གི་རབ་ཏུ་བྱུང་བ་ཕལ་ཆེ་བས་ཀྱང་།་གདིང་བ་དང་ལྷུང་བཟེད་ལ་སོགས་པའི་དགེ་སྦྱོང་གི་ཡོ་བྱེད་དག་ངོ་ཤེས་པའང་དཀའ་བར་གྱུར་ཅིང་།མཐང་གོས་དང་སྣམ་ཕྲན་གླེགས་བུར་སྦྱར་བ་ལ་སོགས་པ་ནི་རྣ་བས་ཀྱང་ཐོས་པར་མ་གྱུར་བས།བྱིན་ལེན་དང་རུང་ཆུ།ནུབ་ལྷག་ཉལ་བསྲུང་སོགས་ལྟ་ཅི་སྨོས།དེའི་ཕྱིར་༧རྗེ་ཙོང་ཁ་པ་གངས་རིའི་ཁྲོད་དུ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་ཉམས་པར་གྱུར་པ་ལ།གཏིང་ནས་མ་བཟོད་པའི་ཤུགས་ཀྱིས་བསྟན་པ་འབའ་ཞིག་ཐུགས་ལ་དགོངས་ནས་གནམ་རྩེད་ལྡེང་དུ་ཆོས་རྗེ་རྣམ་གསུམ་ལྷན་འཛོམས་ཐོགབུ་སློབ་རྣམས་གཙོས་དགེ་འདུན་དྲུག་བརྒྱ་དང་ལྷན་དབྱར་གནས་པར་ཞལ་གྱིས་བཞེས།འདུལ་བ་མདོ་རྩའི་བཤད་པ་རྒྱས་པ་རེ་གསུང་ཞིང་།བཅོས་པ་ཕྲ་མོ་ནས་བསྲུང་སྡོམ་ཕྱིར་བཅོས་སོགས་ཀྱིས་རྨང་ནས་གསོས་ཏེ་ད་ལྟའི་བར་དུ་གནས་ཐུབ་པ་ནི་ཁོང་ཉག་ཅིག་གི་བཀའ་དྲིན་ལོས་ཡིན།ཚུལ་ཁྲིམས་ཀྱི་བསླབ་པ་ནི་བསླབ་པ་གཞན་གཉིས་ཀྱི་རྟེན་ཡིན་པ་མ་ཟད་གསང་སྔགས་ཀྱི་རྩ་བ་ཡང་ཡིན་ཏེ།འཇམ་དཔལ་རྩ་རྒྱུད་ལས།ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས།།དེ་ལ་གྲུབ་པ་མཆོག་མེད་ཅིང་།།གྲུབ་པ་འབྲིང་པོའང་ཡོད་མིན་ཏེ།།གྲུབ་པ་ཐ་མའང་ཡོད་མ་ཡིན།།ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས།།སྔགས་འགྲུབ་པར་ནི་མ་གསུངས་ཏེ།།ཞེས་སོགས་མང་དུ་གསུངས་ལ།གནད་འདི་འདྲ་བ་ནི་རྗེ་ཙོང་ཁ་པས་སྔ་མོ་ནས་མཁྱེན་ཏེ།ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཁས་བླངས་པའི་ཚུལ་ཁྲིམས་དག་དགོས་པ་ཡིན།་ངེད་ལ་ནི་སོ་སོར་ཐར་པའི་ཕམ་ལྷག་སྦོམ་པོ་དང་བཅས་པའི་ལྟུང་བ་འོང་མ་མྱོང་།།ལྟུང་བྱེད་ཉེས་བྱས་དང་བཅས་པ་འགའ་རེ་བྱུང་བ་རྣམས་བཤགས་བསྡམ་བྱེད་ཡིན།ཞེས་གསུངས་པས་རྟོགས་ཐུབ།སྔོན་བྱོན་དུ་མ་ཞིག་གིས་སོ་སོའི་ཡ་མ་ཟུང་གི་སྤྱོད་པ་རེ་རྒྱལ་སྲས་ཀྱི་སྤྱོད་པར་སྐད་བྱེད་པ་ལས་དྲི་མ་མེད་པའི་ལུང་རིགས་ཀྱིས་སྤྱོད་པ་འཛིན་པ་ནི་ཆེས་དཀོན་པས།གྲོ་ལུང་པ་ཆེན་པོས།མདོ་སངས་རྒྱས་ཕལ་པོ་ཆེ་འདི་མ་འགྱུར་ན།བོད་ཀྱི་བྱང་ཆུབ་སེམས་དཔས་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཇི་ལྟར་བསླབ་བམ།ཞེས་གསུངས་པ་ལྟར།རྗེ་ཉིད་ཀྱིས་དེ་ལ་གཟིགས་རྟོགས་ཞིབ་པར་མཛད་དེ།མདོ་སྡེ་ནས་འབྱུང་བའི་རྒྱལ་སྲས་ཀྱི་སྙིང་སྟོབས་དང་སྤྱོད་པ་གང་རླབས་ཆེ་ཆེ་རྣམས་ལ་རེ་རེ་ནས་དམིགས་ཕུག་གི་ཐུགས་སྦྱོང་ནར་མར་བསྟེན་པས།དང་པོར་ཅུང་དཀའ་ཙམ་བྱུང་ཡང་།ཕྱིས་ལེགས་པར་གོམས་ནས་འབད་རྩོལ་མི་དགོས་པར་རང་ཤུགས་ཀྱིས་རྒྱལ་སྲས་ཀྱི་སྙིང་སྟོབས་དང་སྤྱོད་པ་རྨད་དུ་བྱུང་བ་ཇི་འདྲ་བའི་དཔག་དཀའ་བ་ཞིག་ལའང་ཞུམ་པ་ནམ་ཡང་མི་སྐྱེ་ཞིང་།་སྤྲོ་དགའི་ཤུགས་དྲག་པོ་ངང་གིས་འཇུག་པ་ཞིག་བྱུང་།ཞེས་རྗེ་ཉིད་ཀྱི་ཞལ་ནས་དངོས་སུ་གསུངས།མདོར་ན་འདུལ་བའི་སྤྱོད་པ་རྒྱལ་སྲས་ཀྱི་སྤྱོད་པ་སྔགས་ཀྱི་སྤྱོད་སོགས་ཆ་ཡོངས་སུ་རྫོགས་པ་ཉམས་བཞེས་ཀྱི་ཐོག་ནས་ཚད་མས་ངེས་པར་རྙེད་པ་ན་འཆད་ཅིང་གཏན་ལ་ཕབ་པའི་གསུང་རབ་ཀྱི་དགོངས་དོན་བཞིན་ད་ལྟ་ཡང་ཉམས་བཞེས་གནང་བཞིན་པ་འདི་ལགས་སོ།།(((སེར་བྱེས་འདུལ་རྙིང་འཛིན་གྲྭ་ཉི་མ་རྒྱལ་མཚན་འབོད་པས།།)))ནོར་འཁྲུལ་ཡོད་ན་བློ་སྐྱེད་གནོང་རོགས་ཞུ།