རྩུབ་སྤྱོད་ཀྱི་སྡུག་ཅན་འགའ་ཞིག་ལ་བལྟས་ནས་སྨྲས་པ།

                  ཞར་བཀོད་གཅིག

ཁྱེད་ཀྱིས་ང་ལ་རང་དབང་གི་སྨྲ་ལྕེ་དེ་གནང་རོགས

ང་ལ་འཛུམ་མདངས་མི་དགོས

བརྩེ་སེམས་མི་མཁོ

སྤྲོ་སྣང་སྐྱུར་ཆོག

ཐ་ན   རང་གི་རུས་གསེང་ནས་ཆས་པའི་ཁ་རླངས་དེའང་གཡུགས་ཆོག

 

ཡུལ་དེར་ཁ་བ་ཡིན་ན་ཆོག་ལ་གྲོག་རོང་ཡིན་ནའང་ཆོག་མོད

ཁྱེད་ཀྱིས་ཕྱིར་འདང་མེད་པར

དྲང་བདེན་གྱི་གནམ་ལ་ཚད་བཙུགས་ནས

ཡང་ན  ཁྱེད་ཀྱིས་རང་ཉིད་སྐྱོབ་བྱེད་ཀྱི་གཏའ་མ་ཞིག་ཞོག་དང

ང་ལ   སྒོར་མོ་མི་དགོས

སྙིང་གཏམ་མི་དགོས

ངས་རང་ཉིད་ཤོང་ཚད་ཀྱི་གནས་དེ་མྱུལ་ཆོག

 

རྨིས་མི་ཚར་བའི་རྨི་ལམ་དེ་གཡུགས་ཤོག

ཉིན་མོ་ག་ཚོད་ཅིག་ལ་ཁྱེད་ཀྱིས་རང་ཉིད་དངོས་སུ་བསྟན་མྱོང

རི་བོ་དེ་མར་བསྙིལ་ཟིན་དུས

ད་གཟོད      ཁྱེད་ཀྱིས་རང་གི་མགོ་ན་མཐའ་ཡས་པའི་ནམ་མཁའ་ཡོད་པ་ཤེས

ཁྱེད་ཀྱིས་བག་མེད་ངང་བདག་ལ་མཆིལ་གཏོར་ཞིག་བྱོས་དང

དེ་ནི་ཐེ་ཚོམ་མེད་པར་ཁྱེད་ཀྱི་ངོ་གདོང་ན་འཛག་ངེས

 

གཟའ་ཉི་མའི་གླེང་མོལ།

ཁྱེད་རང་ཞོགས་པའི་སྨུག་ལོང་གསེབ་ཀྱི་སྐྱ་རེངས་དང་འདྲ་བར

ཟིལ་ཆུ་ཁྲེམ་མེར་འཚེར་བའི་རྩ་ཐང་ནས་གང་ཞིག་ལ་བོར་རྩིས་ཡོད་དམ

ཉི་མའི་འོད་མདངས་བདག་གི་དྲ་མའི་འགྲམ་ན་ཡོང་དུས

བདག་གིས་ཁྱེད་ལ་ཁ་པར་གྱི་སྣེ་མོ་མཐུད་ཐུབ་བམ

 

ང་གཉིད་ལ་དགའ་བའང་རྒྱུ་མཚན་ངེས་ཅན་ཡོད་པའི་བརྩེ་དུང་འདྲ་མིན་ནའང

སེམས་ཆུང་བྱེད་པའི་རྐུན་པོ་ཞིག་དང་འདྲ་བར

ཅི་ཞིག་གི་ཆེད་དུ་སྐོར་བ་ཡང་ཡང་བརྒྱབས་རྗེས   ད་གཟོད

རྨི་ལམ་གྱི་ཁྲོད་ན་སྐྱོ་གར་ལ་ཞུགས་པའོ

2012/9/27