བསྟོད་བསྔགས་ཉག་མས་བྱུག་གླུ།
ཨོཾ་སྭ་སྟི། ། རབ་འབྱམས་ཤེས་བྱ་ཀུན་དཔལ་སྒེག་མོའི་གཟུགས། རབ་རྨོངས་མུན་པའི་སྦུབ་ལས་རབ་གྲོལ་ཏེ། རབ་ཡངས་བློ་གྲོས་དབང་སྔོན་མཐའི་གཏུག་པ། རབ་མཛེས་ཆུ་སྐྱེས་པདྨའི་མཚན་འཆང་རྒྱལ། ། མདོ་ཁམས་ས་ཡི་ཐིག་ལེ་གངས་རིའི་ལྗོངས། ལྗོངས་གནས་ཁྲོཾ་ཁོག་ཡཱ་ཆེན་གནས་ཀྱི་མཆོག །མཆོག་བསྙེས་གྲུབ་དབང་ལུང་རྟོགས་རྒྱལ་མཚན་ཆེ། ཆེ་དགུའི་རལ་བ་བསྙིལ་བའི་དུས་གཏམ་སྙན། ། སྒོམ་བྱུང་ཤེས་རབ་ཟབ་མོའི་གཏེར་འཁྲུངས་ཤིང་། གྲུབ་བསྙེས་མ་ལུས་ཤེས་བྱའི་གནས་ཀུན་མཁྱེན། བྱམས་བརྩེའི་ཐུགས་ཀྱིས་འགྲོ་ཀུན་བུ་བཞིན་བསྐྱངས། དུས་ཀྱི་མཐར་ཡང་བསྐལ་བ་བཟང་པོར་བསྒྱུར། ། ཆོས་སྐུའི་དབྱིངས་ལས་ལོངས་སྤྱོད་ཀུན་རྫོགས་འགྲོ་ངོར་སྤྲུལ་སྐུའི་དཔལ་ཤར་སྐུ། ཇི་ལྟ་ཇི་རྙེད་ཤེས་བྱ་ཀུན་མཁྱེན་མ་འདྲེས་སོ་སོར་ཡང་དག་ཐུགས།
མཐའ་ཡས་སེམས་ཅན་ཡིད་དབང་མོས་པར་དེ་ལ་དེ་ལྟར་ལེགས་པར་གསུང་། གསང་ཆེན་བསྟན་པ་ཉི་མའི་འོད་ཟེར་གདུལ་བྱའི་མཁའ་ལ་དྲངས་དེར་བསྔགས། ། དབྱུག་འཛིན་མི་བཟད་རབ་གཏུམ་ཁྱུ་ཚོགས་ཡང་། ཞི་འཇམ་ཆོས་ཀྱི་བགོ་བ་མཉན་པར་ན། དྲང་སྲོང་ནག་ཚལ་རྒྱུ་བའི་ཞགས་པ་དེས། འཆིང་བར་གྱུར་དེར་མི་གུས་བྱིས་པ་སུ། ། རྟོགས་པ་མཆོག་གིས་སྤོབས་པ་ཆེར་ངོམས་ཤིང་། མཁྱེན་གཉིས་འོད་ཟེར་དཔུང་ཚོགས་རབ་བརྗིད་པས། དམུ་རྒོད་ཀླད་འགེམ་བྱམས་པའི་མཚོན་རྣོན་གྱིས། འབད་མེད་ཀུན་ལས་རྒྱལ་འདི་ཀུན་གྱིས་བསྟོད། ། ཞེན་པ་བཞི་བྲལ་གསེར་གྱི་རྒྱལ་མཚན་རྩེར། སྔ་འགྱུར་གསང་ཆེན་ནོར་བུའི་ཏོག་བཀོད་པ། ས་རྙིང་རྒྱལ་བསྟན་གངས་རིར་སླར་གསོས་པས། མདོ་ཁམས་ཉི་མ་ནུབ་རིར་བཞུད་འདི་སྐྱོ། ། ཡ་ཆེན་བསམ་གཏན་སྒོམ་པའི་ཆོས་གྲྭ་རུ། འ་འུར་ལས་སྦྱོར་སྒྲུབ་པའི་ཏིང་འཛིན་ཁྲོད། ཟ་ཉལ་འགྲོ་འདུག་སྤྱོད་ལམ་རྣམ་བཞི་ཀུན། ཞ་འཁྱོག་ཡོ་བསྲིང་ཆོས་བཞིན་སྤྱོད་འདི་བསྔགས། ། དེ་ལྟར་ལས་ཀྱི་རྩྭ་སྐྱ་ཉག་མ་ཞིག །ཀུན་རྟོག་ཚོར་འདུ་རླུང་གིས་རབ་གཡོས་ཏེ། བླ་མེད་མགོན་དེས་ཐུགས་རྗེའི་ཆབ་བྲན་པས། བག་ཆགས་ཟབ་མོས་མར་མེ་སྙིང་ལ་བསྒྲོན། ། ཞེས་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི་གྲལ་མཐར་ལུས་པ་སྤྲུལ་མིང་བ་རིག་འཛིན་འཕྲིན་ལས་རྒྱ་མཚོའམ་པདྨ་དབང་ཆེན་བསྟན་པའི་ཉི་མ་ནས་སྤྱི་ཟླ་༨་ཚེས་༢༦སྤྱི་ལོ་༢༠༡༢ལོའི་ཟླ་ཚེས་བཟང་པོ་ལ་ནུབ་ཕྱོགས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་གུས་ཕུལ། །
