༧རྒྱལ་དབང་ཀརྨ་པ་ལ་བསྟོད་རྩོམ།མཁས་དབང་བེ་རི་འཇིགས་མེད་ཀྱིས།

སྨིན་འཁྱོད་ཟུར་མིག་ཀྱོ་བ་རེ་རེས་རྒྱལ་རྣམས་ཟུང་འཇུག་དགའ་བཞི་ཡི།།

མགྲོན་དུ་འགུག་པའི་ལྷག་པའི་ལྷ་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།།

རོ་དྲུག་འདུས་པའི་དད་པའི་མིག་ཆུ་སྙིམ་པར་བསྣབས་ཏེ་གསོལ་འདེབས་ན།།

དབྱངས་བདུན་རྫོགས་པའི་སྙན་ཚིག་རི་མོས་བདག་མགྲིན་ཤེས་པའི་དགའ་སྟོན་སྒྲུབ།།

མི་ལོ་དགུ་བརྒྱའི་ལོ་རྒྱུས་ཡོད་པའི་གངས་ཅན་འགྲོ་བའི་མགོན་དང་སྐྱབས།།

མཆོག་གི་སྤྲུལ་སྐུ་ལུག་གུར་བརྒྱུད་པའི་ཀརྨ་པ་ཞེས་གྲགས་པ་གང་།།

ཟླ་ཤེལ་ཁ་བའི་ཏེ་ཏོག་འཕུར་བའི་མཐོ་སྒང་ཞིང་དུ་འཕོས་པ་ན།།

ད་རེས་སླར་ཡང་དགའ་སྐྱོ་འདྲེས་མི་གཏམ་གྱི་བརྗོད་གཞི་འདི་སྐད་ཐོས།།

 

ཁ་རྩང་འཇིབ་འཁོར་ཆུང་ཆུང་ཞིག་ནང་གཞིས་གྲོངས་གསུམ་པར་བསྐྱོད་པའི་སྐབས།།

ལང་ཚོ་རྒུད་ཀྱང་དད་སྟོབས་དར་བའི་བགྲེས་སོང་རྨོ་མོ་ཟུང་ཞིག་ལས།།

༧རྒྱལ་བའི་དབང་པོ་ཀརྨ་མཆོག་སྤྲུལ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་གང་།།

གངས་དཀར་ཏི་སེའི་རི་བོ་བརྒལ་ནས་འཕགས་ཡུལ་འབྱོར་བའི་གཏམ་བཟང་ཐོས།།

 

སང་ཉིན་ཞོགས་པར་རླུང་འཕྲིན་ཉན་ཀྱང་རེ་སྒུག་གཏམ་བཟང་མ་བསླེབས་པས།།

ཐེ་ཚོམ་འཁྱོག་ལ་སེམས་པ་འཕྱང་བཞིན་སློབ་གྲྭའི་ནང་དུ་སློ་ཁྲིད་སོང་།།

ཉིན་བྱེད་དམར་པོ་མཁའ་མཐར་ལྷུང་ནས་ཟླ་བའི་བསིལ་འོད་སྤྲོ་བའི་འོད།།

འཁྱར་མ་འཁྱོར་གྱིས་གོམ་སྟབས་བསྒྱུར་ཏེ་རེ་བའི་གཏམ་དེ་འཚོལ་དུ་རྒྱུ།།

 

ཕྱིར་ཉིན་ཞོགས་པའི་རླུང་འཕྲིན་ནང་ནས་སྙན་འཕྲིན་གཏམ་གྱི་དགའ་སྟོན་ཐོས།།

སློབ་གྲྭའི་གསར་ཤོག་གཟིགས་སྟེགས་སྒང་ནས་མཚན་དཔེའི་སྐུ་ཡི་འདྲ་པར་མཐོང་།།

དགེ་གྲོགས་ཕོ་གསར་རྣམས་ཀྱི་ངག་ནས་གསར་ཤོག་ཐོག་གི་གནས་ཚུལ་ཐོས་།།

ང་ནི་དགའ་སྐྱོ་འདྲེས་མའི་ཚོར་སྣང་གནོན་ཐབས་མེད་པ་སེམས་ནས་ཕྱུར།།

 

གཅིག་པུ་ཉིད་ཀྱིས་དུ་མའི་གར་མཁན་ཕྱག་ན་པདྨོ་ལས་བརྒྱུད་དེ།།

སྒྲུབ་བརྒྱུད་བསྟན་པའི་རྒྱ་མཚན་དཀར་པོ་རྒྱ་བོད་ཧོར་གྱི་ཁྱོན་ཀུན་འཛུགས།།

ཞྭ་དང་གྲུབ་པའི་རླུང་འཚུབ་གསེབ་ཏུ་གཡོ་མེད་གངས་དཀར་ཏི་སེ་འགྱིངས།།

དབུ་དང་གཙང་གི་སྡེ་གསར་བར་དུ་བཟོད་བསྲན་རྡོ་རྗེའི་གོ་ཆ་གོན།།

 

ཕྱོགས་རེས་གཏམ་གྱི་ཡོལ་བ་ཕྱེས་ཏེ་དེབ་ཐེར་གཡུ་ཡི་སྒེའི་ཁུང་ནས།།

གཟུང་བའི་རྒྱང་ཤེལ་ཟླུམ་པོ་བཙུགས་ཏེ་དངོས་དོན་རྗེན་པ་འཚོལ་བ་ན།།

ཁམས་པ་དབུ་སེ་ཁྱོད་ཉིད་གཤེགས་པའི་གངས་རིའི་ཞབས་རྗེས་རིང་མོའི་ནང་།།

ནག་ཐིག་ཕོག་པའི་རི་མོ་འཁྱོག་པོ་ནམ་ཡང་རྙེད་པ་མ་ལགས་སོ།།

 

རིག་པའི་རྡོ་རྗེ་རྣོན་པོའི་འཕྲུལ་གྱིས་ཤར་ནུབ་འཇིག་རྟེན་ཟླུམ་པོའི་ཁྱོན།།

སྒྲུབ་བརྒྱུད་ཕྱ་རྒྱ་ཆེན་པོའི་ལུགས་ཟུང་རླུང་དང་ལྷན་གཅིག་དར་བྱས་ཏེ།།

མཚན་དཔེ་སྐུ་ཡི་ཐ་མའི་བཀོད་པ་སྟོང་པའི་དབྱིངས་སུ་བསྡུས་པ་ན།།

སྤྲེལ་ཚའི་བརྒྱུད་འཛིན་གངས་ཅན་པ་རྣམས་རེ་ཞིག་མྱ་ངན་ཁུང་བུར་ཚུད།།

 

སླར་ཡང་གངས་ཅན་མདོ་ཁམས་ལྷ་ཐོག་བ་གོར་ཞེས་བྱའི་འབྲོག་སྡེ་དེར།།

གཟིགས་པ་དུ་མས་གཡོལ་བ་མེད་པ་མཚན་དཔེ་སྐུ་ཡི་མེ་ཏོག་བཞད།།

གངས་ཅན་མགོན་པོའི་ལུང་གི་ཉི་འོད་འཕགས་པའི་ཡུལ་ནས་ཁྱོད་ལ་འཕོས།།

ལང་ཚོའི་འཕེལ་ཁ་རིམ་གྱིས་དར་བས་བོད་མིའི་སེམས་ཀྱི་ངལ་གསོ་ཐོབ།།

 

གུང་ཁྲན་ཏང་གི་ཡིག་སྣོད་ནང་དུ་དོན་ཚན་བཅུ་བདུན་བཞག་པའི་དུས།།

ཕོ་བླ་བཙོང་བའི་སྐུ་ངོ་རྣམ་པས་རྒྱལ་ཁབ་ཚོང་རྫས་བྱེད་པའི་དུས།།

གངས་རིའི་ལྷ་དམག་བྲོས་བའི་ཤུལ་དུ་ཐལ་བས་ནམ་མཁའ་སྒྲིབ་པའི་དུས།།

ཤི་གསོད་ཁྲག་གི་འཁོར་ལོ་བསྐོར་ནས་བོད་ཡུལ་དུར་ཁྲོད་གྱུར་བའི་དུས།།

 

མེས་པོའི་གསོན་སྙིང་སོར་རྩེ་བླངས་ཏེ་དགྲ་བོའི་མདུན་དུ་ཕུལ་བའི་མཐར།།

རྒྱལ་ཁབ་བཙོང་པའི་ཁྱི་རྒན་ཚོ་ལ་གུང་ཁྲན་ཏང་གི་གོ་གནས་སྦྱིན།།

འོན་ཀྱང་ཁྱོད་ཉིད་འཁྲུངས་མ་ཐག་ནས་བྱེས་རྗེས་ངོ་སྤྲོད་མི་དགོས་པར།།

ཀྲུང་དབྱང་མི་དམངས་སྲིད་གཞུང་ཁང་ནས་ཆེ་མཐོང་དེ་འདྲ་བྱེད་དོན་ཅི།།

 

 

དོན་དམ་སྟོང་པའི་དབྱིངས་ལས་བདེ་སྡུག་རི་མོ་མི་རྙེད་ཀྱང་།།

ཀུན་རྫོབ་འཁོར་བའི་འདམ་རྙོག་གསེབ་ཏུ་སྐྱིད་སྡུག་ཆུ་ཡི་གཉེར་མ་མང་།།

དེ་སླད་ཁྱོད་ཀྱང་འགྲོ་བའི་དོན་དུ་འཇིག་རྟེན་ཟླུམ་པོའི་ཁོར་ཡུག་འདིེར།།

སྐྱིད་སྡུག་སྒྱུ་མའི་ཟློས་གར་རྩེན་པའི་སྔོན་མེད་སྒྱུ་རྩལ་མཁན་པོ་ཞིག  །

 

ལང་ཚོའི་འཕེལ་ཁ་མ་རྫོགས་གོང་ནས་དམར་པོའི་བཙན་དབང་འོག་ཏུ་བསྡུས།།

བསླུ་བྲིད་སྲིན་མོའི་འཛུམ་མདངས་བསྟན་ནས་རྒྱ་བོད་ཧོར་གསུམ་ལྟ་སྐོར་ཁྲིད།།

གཡོ་རྒྱུ་མཆེ་བ་རྣོན་པོ་ཟུང་གིས་གཞིས་བྱེས་འབྲེལ་བའི་སྲོག་རྩ་བཅད།།

རྫུན་དང་ཕྲ་མའི་གཏམ་འཁྱལ་རིང་མོས་འཛམ་གླིང་ཟླུམ་པོའི་ལྷིང་འཇགས་འཕྲོག།

 

དམར་པོ་རྒྱ་ཡི་ཕྱི་ནས་བཅུན་ཏེ་གོམ་གང་འགྲོ་བའི་རང་དབང་མེད།།

ཕུ་ནུ་བཙན་པོ་ནང་ནས་བཅུན་ཏེ་ཡང་སྲིད་རྫུན་མ་ཁྲི་སྟོན་བྱེད།།

བོད་འབངས་དད་པས་བར་ནས་བཅུན་ཏེ་རྣམ་གཡེང་གནང་རྒྱུའི་གོ་སྐབས་མེད།།

བྱིས་པའི་དུས་ནས་གཟེབ་ཏུ་ཚུད་པའི་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ལགས།།

 

ཁྱོད་རང་ཁྲི་འདོན་བྱས་མ་ཐག་ནས་གུང་ཁྲན་ཏང་གིས་ཁ་བཏགས་བཏང་།།

ཅང་ཙི་མིན་གྱི་གླེང་སྟེགས་ཐོག་ནས་འཚམ་འདྲའི་མེ་ཏོག་ཁྱོད་ལ་འཐོར།།

ཀྲུང་དབྱང་མི་དམངས་རླུང་འཕྲིན་ཁང་ནས་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱས།།

རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་རྣམ་པ་མཛད་སྒོ་ཉིན་མོ་སྐུ་མགྲོན་ཕེབས།།

 

འོན་ཀྱང་ཁྱོད་ཀྱིས་ཏང་གི་གོ་ས་མཆི་ཞགས་གཅིག་དང་མཉམ་དུ་འཕངས།།

པཎ་ཆེན་རྫུན་མ་བཙན་མཇལ་ཁྲིད་དུས་སྡང་མིག་གཅིག་གིས་གྱེས་མཇལ་བྱས།།

རང་སྐྱོད་ལྗོངས་ཀྱི་སྐུ་ཚབ་གདོང་ལ་འགྲམ་ལྕག་གཅིག་གི་དྲན་རྟེན་བྱིན།།

གུང་ཁྲན་ཏང་གི་རྒྱུག་ཁྱི་རྣམས་ལ་མཇལ་ཁ་ཞུ་བའི་སྐལ་བ་བཅད།།

 

རྒྱལ་ཚོང་བོད་ཀྱི་དཔོན་རྒན་རྣམས་ལ་ཁ་རྡུང་དྲག་པོས་ཉེས་ཆད་ཕབ།།

ཅང་ཙི་མིན་དང་མཇལའཕྲད་གནང་དུས་ཁ་བཏགས་དྲུད་ནས་ཕྱིར་ཕྱག་གནང་།།

དངུལ་དངོས་འབུལ་བའི་བསླུ་བྲིད་སྟེང་དུ་ས་རྡུལ་སྦག་པའི་རྐང་རྗེས་བཏབ།།

ལྷ་དང་དགོན་པ་གཏོར་མྱོང་མཁན་ཚོ་གསུངས་ཆོས་ར་བའི་ཕྱི་ལ་ཕུད།།

 

ཁ་རྩང་དགུན་དུས་མཚན་མོ་ཞིག་ལ་གོས་ཆེན་མལ་ཆས་ཕར་གཡུག་ཅིང་།།

གཟིམ་ཁྲི་མཐོན་པོའི་སྟེང་ནས་འབབ་སྟེ་སྤྱང་སོ་ལས་རྩུབ་གྲང་ལྷག་གསེབ།།

བཙན་རྒྱལ་དམར་པོའི་ལྐོག་ནས་བྲོས་ཏེ་ཏི་སེའི་གངས་རིའི་ཉེ་འགྲམས་ནས།།

ཞབས་རྗེས་རི་མོ་གངས་ལ་ཕབ་སྟེ་འཕགས་པའི་ཡུལ་དུ་ཞབས་སོར་འཁོད།།

 

བཙན་བྱོལ་རྒྱལ་ས་དྷ་རམ་ས་ལར་དཀྱུས་མའི་མི་དང་ལྷན་དུ་འབྱོར།།

༧གོང་ས་ཆེན་པོའི་གཟིམ་ཆུང་ནང་དུ་མཇལ་འཕྲད་གཏམ་གྱི་སྒོ་མོ་ཕྱེས།།

བྱེས་སུ་འབྱོར་བའི་བོད་འབངས་རྣམས་ཀྱིས་ལག་པས་མིག་ཆུ་ཕྱིད་བཞིན་དུ།།

ཁྱོད་ལ་མཚམས་འདྲའི་དགའ་སྤྲོ་ཁོལ་བའི་བཀྲ་ཤིས་དགོད་སྒྲའི་གླུ་དབྱངས་ལེན།།

 

གསར་འགོད་པ་རྣམས་སྔོན་རྗེས་རྩོད་ནས་ཁྱོད་ཀྱི་མདུན་སར་འཚང་ཀ་བྱེད།།

བལ་བོད་འབྲས་སོགས་བང་རིམ་སྒྲིག་ནས་ཁྱོད་ཀྱི་མདུན་ནས་ཕྱག་དབང་ལེན།།

རྒྱ་གར་གསང་བའི་ལས་བྱེད་པ་རྣམས་ཁྱོད་ཀྱི་མདུན་སར་བཅར་འདྲི་བྱེད།།

ཡང་སྲིད་རྫུན་མའི་ཕྱོགས་གཏོགས་པ་རྣམས་ཁྱོད་ཀྱི་རྒྱབ་ནས་ངན་སྨྲས་བྱེད།།

 

དེ་རིང་ཁྱོད་ཀྱི་བརྙན་པར་འདྲ་མིན་བརྙན་དེབ་ཀུན་གྱི་སྟེང་དུ་གསལ།།

དེ་རིང་ཁྱོད་ཀྱི་ལོ་རྒྱུས་སྐྱུར་མོ་གསར་ཤོག་ཀུན་གྱི་སྟེང་དུ་གླེང་།།

དེ་རིང་ཁྱོད་ཀྱི་མཛད་ཕྲིན་བཟང་པོ་རླུང་འཕྲིན་ཀུན་གྱི་ནང་ནས་སྒྲོག

དེ་རིང་ཁྱོད་ཀྱི་མཚན་སྙན་དཀར་པོ་ཕྱོགས་མེད་འཛམ་གླིང་ཡོངས་སུ་གྲགས།།

 

རེད་ལགས་ཁྱོད་ནི་བཙོན་ནས་ཐར་བའི་ཉེས་མེད་བཙོན་པ་ཆུང་ཆུང་ཞིག།

རེད་ལགས་ཁྱོད་ནི་གཟེབ་ནས་ཤོར་བའི་གསུངས་སྙན་བྱིའུ་འཇོལ་མོ་ཞིག།

རེད་ལགས་ཁྱོད་ནི་གངས་སུལ་ཉུལ་བའི་གངས་སེང་དཀར་མོའི་གདུང་རྒྱུད་གཅིག།

རེད་ལགས་ཁྱོད་ནི་བོད་རྒྱའི་འགལ་བའི་བདེན་དཔང་མཚོན་བྱེད་རྡོ་རིང་ཞིག།

 

མི་ཚེའི་མདུན་ལམ་ཕྱི་རྒྱལ་གཏད་ནས་སྲོག་དང་ཌོ་ལར་བརྗེ་བ་དང་།།

རྐུབ་སྟེགས་མཐོ་དམན་རྩོད་པའི་གསེབ་ནས་དམངས་ཁྲོད་དཀྲུག་ཤིང་འཕེན་མཁན་ཚོ།།

དམར་ཆུང་སེམས་ལ་དགའ་ཚོར་ཡོད་མེད་ཇི་བཞིན་བརྗོད་པར་མི་ནུས་ཀྱང་།།

རུས་ཀྱི་ལ་རྒྱ་སྙིང་ལ་བཅང་བའི་བོད་མི་བསམ་དོན་འགྲུབ་སོང་ལགས།།

 

དབྱངས་ཅན་བག་མར་བསུས་པའི་འཁོན་གྱིས་ཛམ་ལྷའི་བཀའ་ཆད་ཕོག་པ་ཡིས།།

ཐོབ་དང་གོ་ས་དཔལ་འབྱོར་མེད་པས་སྐུ་ངོ་མཇལ་ས་མི་སླེབས་ཀྱང་།།

གཙང་སྡེ་བླ་མའི་སྐྱེས་རབས་ཕྲེང་བར་མི་ཕྱེད་དད་པ་ཐོབ་པའི་བུ།།

བེ་རི་རྒྱལ་པོའི་བཀའ་འབངས་གཏོགས་པ་སྙན་ངག་པ་ངས་ཁྱོད་ལ་ཕུལ།།

 

བོད་གཞོན་ནུ་ནང་ཆོས་མཐུན་ཚོགས་ཀྱིས་དཔར་དུ་བསྐྲུན་པའི་སྙན་རྩོམ་ལྷན་བསྡེབས་ནས་ཕབ་བཤུས་བྱས།