སྟོན་པའི་སྐུ་བརྙན་དང་ལྷ་ཁང་སོགས་མེར་སྲེག
རྒྱ་གར་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་རྡེ་ཤིའི་ཁ་ཆེ་ཡུལ་མི་ཚོས། ནང་པ་གྲངས་ཉུང་མི་རིགས་གནས་སྡོད་བྱེད་སའི་ས་ཁུལ་ཁག་གི་ནང་པའི་ལྷ་ཁང་དང། དགོན་སྡེ་བཅུ་གཉིས། དེ་བཞིན་ཁང་པ་དང་ཚོང་ཁང་བརྒྱ་སྐོར་ཙམ་མེར་སྲེག་གཏོར་བཤིག་བཏང་དང་།
ས་གནས་ནང་པ་ཡུལ་མིར་རྒྱུ་དངོས་འཕྲོག་བཅོམ་བྱས་ཡོད་པས། ད་བར་ཡུལ་དེའི་སྐོར་སྲུང་བས་ཁ་ཆེ་མི་གྲངས་༣༠༠ ལྷག་འཇུ་བཟུང་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡, ༢, ༣ བཅས་ལ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། བྷང་ལ་རྡེ་ཤིའི་ནང་པ་ཕོ་གསར་ཞིག་གིས་ཁ་ཆེའི་དཔེ་ཆ་ (Quran) མེར་བསྲེག་གཏོང་བའི་པར་ཞིག་དང། དཔེ་ཆ་དེའི་ཤོག་བུ་གཅིག་ཆབ་ཏོག་ནང་གཡུགས་ནས་ཆུ་བླུགས་པའི་པར་སོ་སོའི་ངོ་དེབ་ (FaceBook) ཐོག་བཅུག་པའི་དོན་རྐྱེན་གྱིས། ཁ་ཆེ་ཡུལ་མི་༢༥༠༠༠ ཡས་མས་ཤིག་གིས་དྲག་པོས་ངོ་རྒོལ་གཏོར་བཅོམ་བྱས་ཡོད་པ་རེད། རྒྱལ་ཁབ་ཀྱི་དམག་མི་དང་སྐོར་སྲུང་བས་ནང་པ་གྲངས་ཉུང་མི་རིགས་གནས་སྡོད་བྱེད་སའི་ས་ཁུལ་རྣམས་སྲུང་བཞིན་ཡོད་པ་རེད།
བྱུང་རྐྱེན་དེའི་བརྒྱུད་རིམ་ནང་པ་མང་པོ་ཞིག་ས་ཆ་བརྟན་སར་འབྲོ་ཐུབ་ནས། ད་ལྟའི་ཆར་མི་ཤི་སྲོག་སྐྱོན་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མེད་པ་འདྲ།
བྷང་ལ་རྡེ་ཤིའི་སྲིད་གཞུང་གིས་དོན་རྐྱེན་དེ་ཕྱོགས་འགལ་ཚོགས་པ་དང། འབར་མ་ནས་བྷང་ལ་རྡེ་ཤིར་སྐྱབས་བཅོལ་དུ་ཡོང་བའི་རྭོ་ཧིན་ཡའི་གྲངས་ཉུང་ཁ་ཆེ་མི་རིགས་ཚོ་ཡིན་ལུགས་ཀྱིས་སྐྱོན་བརྗོད་བྱས་པ་དང་ཕྱོགས་མཚུངས། གྲངས་ཉུང་ནང་པ་ཚོའི་བདེ་འཇགས་སྲུང་རྒྱུ་ཡིན་ལུགས་དང། དེ་དང་འབྲེལ་དམག་མི་དང་ཉེན་རྟོག་པ་འབོར་ཆེན་ནང་པ་རྟེན་གཞི་བྱེད་སའི་ས་ཁུལ་ཁག་ཏུ་བཏང་ཡོད་འདུག
ད་ལྟ་སྦང་ལ་རྡེ་ཤིའི་ནང་པའི་ཕོ་གསར་དེ་གར་སོང་ཆ་མེད་ཡིན་པ་དང། མ་གབ་སྔོན་ས་གནས་གསར་ཁང་དུ་གནས་ཚུལ་དེའི་ཐོག་ཁོང་ལ་ལན་པ་གང་ཡང་མེད་ཅེས་བརྗོད་ཡོད་འདུག ཁོང་གིས་མུ་མཐུད། པར་དེ་དག་ནི་མི་ག་གེ་མོ་ཞིག་གིས་ངའི་ངོ་དེབ་ནང་བཅུག་(tag) པ་ལས། ང་དེ་དང་འབྲེལ་བ་རྩ་ནས་མེད་བཅས་བརྗོད་འདུག ཁོང་གི་ཨ་མ་དང་སྲུ་མོ་གཉིས་ད་ལྟ་ཉེན་རྟོག་པས་སྲུང་སྐྱོབས་བྱེད་བཞིན་ཡོད་པ་རེད།
སྤྱིར་འདས་པའི་རིང་སྦང་ལ་རྡེ་ཤིའི་ཁ་ཆེ་དང་ཧིན་རྡུའི་བར་མི་གསོད་ཁྲག་སྦྱོར་ཁ་ཤས་བྱུང་ཡོད་ཀྱང། ༡༩༧༡ ལོར་སྦང་ལ་རྡེ་ཤིར་རང་བཙན་ཐོབ་ནས་ཁ་ཆེས་ནང་པར་བརྙས་བཅོས་བྱས་པ་དེ་ཕལ་ཆེ་དང་པོ་ཆགས་ཀྱི་ཡོད་པ་རེད།
ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་སྦང་ལ་རྡེ་ཤིར་ནང་པ་དར་སྤེལ་ཤུགས་ཆེ་སོང་ཡོད་ཀྱང། ད་ལྟའི་ཆར་སྦང་ལ་རྡེ་ཤིིའི་མི་འབོར་ས་ཡ་བརྒྱ་དང་ལྔ་བཅུ་ལྷག་ནས་ནང་པ་འབུམ་གསུམ་ཡས་མས་ཤིག་ལས་མེད་པ་རེད།།