གླིང་ཚྭ་ཚེ་བརྟན་རྡོ་རྗེ། །

ཀ་ཐཱ་མན་ཊི་ན་བཙོན་ཉར་བྱས་པས། ཁ་བའི་ཞི་རྒོལ་བ་ཚེ་བརྟན་རྡོ་རྗེ། ག་ཤེད་འགྲུལ་བཞུད་ཀྱི་འགྲོ་ལམ་བཀག་པ། ང་ཚོ་ཡུལ་གྱར་ལ་བརྙས་བཅོས་ཚོད་མེད། །

ཅ་དག་ཁུར་བོ་ཞིག་རྒྱབ་ལ་བཅིངས་ཏེ། ཆ་མེད་ལམ་ཀྱོག་ཅིག་བརྒྱུད་ནས་ཕེབས་དུས། ཇ་རྐྱང་ཚ་པོ་རེ་སྡེར་མཁན་ཚོ་དང་། ཉྭ་རྐང་སྐྱོར་བགྲོད་ཀུན་བཀའ་དྲིན་ཆེ་ཞུ། ། ཏ་ཀུ་རིང་པོའི་མགོར་རྒྱ་དར་འཕྱར་བས། ཐ་དད་བསམ་བློ་འགས་དཀྲོག་གཏམ་སྤེལ་ཡང་། ད་རེབ་ཁྱེད་རང་གི་དམ་བཅས་འཁྱེར་ཕྱོགས། ན་གཞོན་བློ་གསར་ཚོའི་མོས་མཐུན་ལོས་ཡོད། ། པ་སངས་སྐར་ཆེན་ལྟར་སྐྱ་རེངས་བསུས་ཏེ། ཕ་བཟང་སྟག་ཤར་གྱི་མ་དང་སྲིང་མོ། བ་གམ་མང་པོ་ཡི་རི་བོ་བརྒྱུད་མཐར། མ་ཉེས་ཁག་གཡོགས་ཀྱིས་ཉེས་པར་ཕོག་སོང་། ། ཙ་ར་ཞིབ་གཅོད་ཀྱི་ཁྲིམས་གཏུག་མེད་པར། ཚ་ཁ་ཚོད་ལྟ་ཡི་བལ་མིའི་ཐག་གཅོད། ཛ་དྲག་རྒྱབ་འདེད་ཀྱི་རྭ་མདའ་མེད་ཕྱིར། ཝ་ཁྱུ་བལ་དམག་གིས་བཀག་འདི་སྐྱོ་བྱུང་། ། ཞ་ཀྱོག་ཚུགས་མེད་ཀྱི་རྡ་སའི་སྒྲིག་འཛུགས། ཟ་སྒོ་རྟོག་སྒོ་ཡི་ཕུག་འདུན་མེད་ན། འ་འུར་དུང་བླངས་ངང་ལས་འགུལ་སྤེལ་བར། ཡ་ལན་མི་བྱེད་པས་གཤིས་ཀར་སྐྱུག་བྲོ། ། ར་གཏུགས་བོད་དོན་དེ་བོད་མིའི་མི་བྱེད། ལ་ཁའི་ཉི་རྒས་བཞིན་བཞུད་ལ་ཉེ་བས། ཤ་ཚས་མ་བཟོད་པར་གླིང་ཚྭས་གོམ་བགྲོད། ས་ཐོབ་སེམས་དཔའ་འགར་སྣང་མེད་ཡིན་ཚོད། ། ཧ་ཅང་བཟོད་དཀའ་ཡི་བཙོན་དོང་ནང་ན། ཨ་མདོའི་ཕོ་རྒོད་ཅིག་ཉེས་མེད་བཅུག་པ། ཧ་གོ་མེད་མདོག་ངང་སྡོད་མ་ཐུབ་པས། ཨ་ལའི་དབྱངས་རྩོམ་ཞིག་ངག་ནས་ཤོར་ཐལ། །