དགེ་འདུན་པ་ཞིག་འཛིན་བཟུང་།

དེ་ཡང་བོད་ནས་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་དགོང་མོར་བོད་ཀྱི་སེ་ར་དགོན་པའི་དགེ་འདུན་པ་ཤེས་རབ་མཚན་སྤེལ་ཟེར་བ་ཞིག་རྒྱ་ནག་གཞུང་གི་འབྲེལ་ཡོད་ཉེན་རྟོག་ཚན་པས། གསང་རྒྱ་དམ་པོའི་འོག་འཛིན་བཟུང་བྱས་ཡོད་པ་རེད་འདུག

དགེ་འདུན་པ་ཁོང་སེ་ར་དགོན་པའི་སྔགས་པ་གྲྭ་ཚང་ནས་ཡིན་པ་རེད་འདུག་ལ། ཁོང་གྲྭ་ཤག་ནས་ཆེས་གསང་བ་དམ་པོའི་ཐོག་འཛིན་བཟུང་བྱས་ཡོད་སྟབས།    ཉེ་འཁོར་གྱི་གྲྭ་པ་ཚོས་ཁོང་འཛིན་བཟུང་བྱེད་སྐབས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད་འདུག  ཡང་གནས་ཚུལ་མཁོ་སྤྲོད་པ་དེས་བརྗོད་པར་གཞིགས་ན། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་དགོས་དོན།    ཁོང་གིས་ཁ་པར་བརྒྱུད་ཕྱི་ལ་གནས་ཚུལ་མཁོ་སྤྲོད་བྱས་པའམ། ཡང་ན་ཁ་པར་ཐོག་དོགས་གཞིའི་གནས་ཚུལ་ཡོད་པའི་རྐྱེན་གྱིས་ཡིན་ལུགས་གྲྭ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་འདུག འོན་ཀྱང་དགོན་པའི་ནང་ཁོང་འཛིན་བཟུང་བྱས་པའི་སྐོར་གླེང་སློང་བྱ་རྒྱུར་དོགས་ཟོན་དང༌བཀག་འགོག་བྱེད་བཞིན་ཡོད་འདུག