མདོ་སྨད་གཙོད་ས་གནས་སུ་རང་ལུས་མེར་སྲེག

tso1བསོད་ནམས་ཀྱིས་འདི་གར་གློག་འཕྲིན་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་༡༣ གྱི་ཉིན་གུང་བོད་ནང་ཆུ་ཚོད་དང་པོ་ཡས་མས་སུ་མདོ་སྨད་ཀན་ལྷོ་ཁུལ། གཙོད་དགོན་པའི་མཆོད་རྟེན་གྱི་ཉེ་འགྲམ་དུ་གཙོད་ཁ་སོག འབྲོང་ལྕེ་སྡེ་པ་ནས་ཡིན་པའི་རྟ་མགྲིན་རྡོ་རྗེས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་འདུག

 

ད་ལྟ་གྲྭ་མང་གིས་སྨོན་ལམ་གསུངས་ཏེ་མང་ཚོགས་ནས་སྐུ་ཕུང་ཕ་ཡུལ་དུ་གདན་འདྲེན་ཞུ་ཡི་ཡོད་འདུག ། ཉེ་སྔོན་སྒྲོལ་དཀར་འཚོས་རང་ལུས་མེར་སྲེག་གཏོང་ས་དང་ས་གནས་གཅིག་པ་ཡིན་འདུག ཁོང་ནི་གཙོས་གྲོང་ཁྱེར་ཁ་སོག་འབྲོང་ལྕེ་སྡེ་བ་ནས་ཡིན་པ་དང་། གུང་ཐང་སྐུ་ཕྲེང་བདུན་པའི་མ་ཡུམ་གྱི་ཕ་ཡིན་འདུག

 

tso1

ཨོ་སུ་ཁྲི་ལེ་ཡར་གནས་སྡོད་འཇམ་དབྱངས་ཀྱིས་ཁ་པར་བརྒྱུད་འདི་གར་འགྲེལ་བརྗོད་གནང་དོན། དེ་རིང་རང་ལུས་མེར་སྲེག་གི་གནས་ཚུལ་ཞིག་བྱུང་བ་དངོས་ཡོད་གནས་ཚུལ་རེད་འདུག་མོད། ས་གནས་ནས་གནས་ཚུལ་བཤད་རྒྱུར་ཞེད་སྣང་བྱེད་ཀྱི་འདུག་པས། ཁ་གསལ་རག་གི་མི་འདུག་ཅེས་བརྗོད་སོང་། དེ་བཞིན་ཟླ་འདིའི་ཚེས་༦ ཉིན་སངས་རྒྱས་མཚོས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སའི་ས་གནས་ཡང་དེ་ཡིན་འདུག །