འབྲི་སྡེ་ཡོངས་ལ་ཕུལ་བའི་སེམས་འཕྲིན་ཀུན་དཀར་མ་ཞུགས་སོ།

དཀར་ནག་ལས་ཀྱི་འཁོར་ལུགས་མི་འདྲ་ཞིང་།

ཁྲག་དང་འོ་མའི་མཚོན་མདོང་མི་འདྲ་རུང་།
ཁྱོད་དང་ང་ཡི་འདོས་དོན་གཅིག་ཡིན་པས།
འབྲི་ཡི་བསྟན་པ་སྣིང་ལ་འཇོག་རོགས་ཞུ་།།



བླ་དང་སློབ་མའི་ཚེ་སྲོག་མི་གཅིག་ཞིང་།།
ཉ་དང་ཆུ་མོའི་རང་བཞིན་མི་འདྲ་རུང་།།
དེ་ཡི་འདོས་དོན་དེ་ཡི་བསྒྲུབ་བྱེད་པ་།།

 

ལུགས་དང་མཐུན་པས་ཡིད་ལ་འཛིན་པར་ཞུ་།།

ཁྱི་དང་ཕག་པའི་ངོ་གདོང་མི་འཁྲུུལ་ཞིང་།།
གདོན་དང་ལྷ་ཡི་སྤྱོད་ཚུལ་མི་འདྲ་རུང་།།
གྲོགས་དང་དགྲ་པོའི་སེམས་པ་འཁྲུལ་སྲིད་པས་།།
བཟུར་གནས་སེམས་ཀྱིས་གང་ཡིན་དཔྱད་པར་བྱ།།

ཆུ་མོ་སོང་ཚེ་ཉ་མོ་མི་དྲན་ཞིང་།
རྟ་པོ་རྒྱུག་ཚེ་རྨིག་རྗེས་ཤུལ་དུ་ལུས་།།
མགོ་ནག་མི་ཡི་སྤྱོད་ཚུལ་བཙང་པོ་བཞིན་།།
ཕ་ཤུལ་བུ་ཡིས་འཛིན་རྒྱུ་མ་བརྗེད་རོགས་།།

ལུག་དང་སྤྱང་ཀི་ལྷན་དུ་མི་འགྲོགས་ཤིང་།།
རླུང་དང་མར་མེ་མཉམ་གནས་མི་སྲིད་རུང་།།
མཁའ་སྡིང་བྱ་ཚོགས་ལྷན་དུ་ཕུར་བ་བཞིན་།།
གཅིག་འབྲེལ་སེམས་ཀྱིས་འབྲི་བསྟན་བསྐྱྱོང་བར་ཚལ་།།

དགུང་སྔོན་དབྱིངས་ནས་མེ་ཏོག་མི་འཁྲུངས་ཤིང་།།
དམྱལ་བའི་ཡུས་ནས་སངས་རྒྱས་མི་སྲིད་རིང་།།
གྲོ་མའི་ཚོགས་ཀྱིས་རང་ཚང་སྤྲུན་པ་བཞིན་།།
དལ་མོའི་སེམས་ཀྱིས་ལས་ལ་འཇུག་པར་ཞུ་།།

རིལ་རིལ་རྡོ་ཡིས་ཕོ་བྲང་མི་གྲུབ་ཤིང་།།
ཉོགས་མའི་ཆུ་ཡིས་མཆོད་པ་མི་ཡོང་རུང་།།
དཀར་གཙང་དར་གྱིས་མི་སེམས་མགུ་བྱེད་པས་།།
དྭངས་གཙང་སེམས་ཀྱིས་འབྲི་བསྟན་སྐྱྱོངས་བར་ཞུ་།།

དབྱུག་པ་ཞུས་ཚེ་ཁྱི་རྒན་མི་དགའ་ཞིང་།།
དམ་ཆོས་གསུང་ཚེ་གདོན་འགེག་མི་སྤྲོ་རུང་།།
ཟས་ལྷག་བྱིན་ཚེ་ཁྱི་རྒན་འཇུག་མ་གཡུག
དེ་ལྟར་ཤེས་བྱའི་གནས་ལུགས་མཁྱེན་པར་མཛོད་།།

རྩ་བ་འཁྱོམས་ཚེ་ཡལ་ག་ལས་ཀྱིས་འཁྱོམས།།
རྡིང་བུ་རྡོལ་ཚེ་ཆུ་མོ་དལ་གྱིས་ཤོར་།།
རྐང་པའི་སྔོན་དུ་མགོ་བོ་ལྷུང་སྲིད་པས་།།
མ་འགྲོ་གོང་ནས་མནོ་མསམ་གཏོག་གལ་ཆེ་།།

ཤོགས་ལྡན་བྱ་ཚོགས་གང་ཕུར་རང་དབང་རེད་།།
སེམས་གཏམ་ཡོད་ཚད་གང་བཤད་རང་དབང་རེད་།།
མ་བཤད་གོང་ནས་མནོ་བསམ་མ་བཏང་ན་།
རང་ཁ་རང་གི་འགོག་པའི་ཉེན་ཁ་ཡོད་།།

ཅིས་པ་འདི་ནི་སྟག་ཚང་རིག་རྒོད་དུ་འབོད་པས་སྤྱི་ལོ་༢༠༡༢ཟལ་བ་༧ཚེས་༢༩ཉིན་བྲིས་པའོ་།།།།