སྨན་རི་ཁྲི་འཛིན་རིན་པོ་ཆེ་ལ་བརྟན་བཞུགས་བསྟར་འབུལ།
ཟླ་འདིའི་ཚེས་ ༨ ཉིན་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དྷ་ས་ནས་ཕེབས་ཐོན་གྱིས་སོ་ལན་བོན་གཞིས་ཌོ་ ལན་ཇིར་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་ སྨན་རིའི་གླིང་དུ་ཕེབས་པ་དང་།
ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཆོས་རིག་བཀའ་བློན་མཆོག་ཞྭ་དཀར་གཡུང་དྲུང་བོན་གྱི་སྐྱབས་རྗེ་སྨན་རི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་བརྟན་བཞུགས་ཕུལ་བ་དང་། བཤད་སྒྲུབ་སློབ་དཔོན་ དགེ་བཤེས་དགེ་ལེགས་རྒྱ་མཚོས་མཎྜལ་ལྗགས་བཤད་གནང་བ་དང། ཆོས་རིག་བཀའ་བློན་མཆོག་གིས་སྐུ་གསུང་ཐུགས་རྟེན་སོགས་རིམ་བཞིན་ཕུལ་ཡོད། དེ་བཞིན་དགེ་འདུན་པ་དང་མི་མང་རྣམས་རིམ་བཞིན་མཇལ་ཁ་ཞུ་མུར་ཞབས་བརྟན་གསོལ་འདེབས་དང་ བསྔོ་སྨོན་གསུང་བཞིན་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་གྲུབ་རྗེས་སྤོས་སྣེ་ དང་བཅས་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གཟིམ་ཆུང་དུ་གདན་འདྲེན་ཞུས་ཡོད།
ཕྱི་ཚེས་ ༩ ཉིན་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་བཀའ་བློན་མཆོག་གིས་གཡུང་དྲུང་བོན་གྱི་དཔེ་མཛོད་དང་རིག་གནས་ཁང་། སྔགས་དགོན་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས། བོན་ཕྲུག་བདེ་དོན། བཙུན་དགོན། དེ་བཞིན་སྡེ་ཚན་ཁག་སོགས་སུ་གཟིགས་སྐོར་གནང་ཡོད།།
གནས་ཚུལ་ཡོང་ཁོངས།http://bod.asia/