ཨ་རིའི་གཞུང་ཚབ་ཆེན་མོས་བོད་ནང་དུ་མཚམས་གཟིགས།
ཟླ་འདིའི་ཕྱི་ཚེས་༡༦ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ཉིན་རེའི་གསར་འགོད་གསལ་བསྒྲགས་སྐབས། འདི་ལོའི་ཕྱི་ཟླ་༩ ནང་རྒྱ་ནག་པེ་ཅིང་གི་ཨ་རིའི་གཞུང་ཚབ་བོད་ནང་དུ་མཚམས་གཟིགས་སུ་ཕེབས་ཡོད་སྐོར་བསྒྲགས་ཡོད་པ་རེད།
དེ་ཡང་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༦ ཉིན་ཕོ་བྲང་དཀར་པོའི་ཉིན་རེའི་གསར་འགོད་གསལ་བསྒྲགས་སྐབས། སྐབས་དེར་གསར་འགོད་པ་ཞིག་གིས་གཞུང་ཚབ་ཕྱི་ཟླ་༩ ནང་བོད་རྔ་པའི་ས་ཁུལ་དུ་མཚམས་གཟིགས་སུ་ཕེབས་པའི་འདྲ་པར་ཊུ་ཝི་ཊར་དྲ་ལམ་ཐོག་ཐོན་ཡོད་པ་དང། བོད་མདོ་སྨད་རྔ་པའི་ས་ཁུལ་དུ་སྔ་ལོ་ནས་བཟུང་བོད་མི་༣༠ ལྷག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་བར་བརྟེན། ཨ་རིའི་གཞུང་ཚབ་དེར་ཕེབས་མིན་གྱི་གནས་ཚུལ་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་དེ་འབྲེལ་གསལ་བཤད་གནང་རོགས་ཞུས་དྲིས་པར། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ལྕམ་སྐུ་ནུ་ལཎྜ་ཡིས་གཞུང་ཚབ་བོད་མདོ་སྨད་རྔ་པར་ཕེབས་པ་དེ་ནི་ཁོང་གིས་རྒྱ་ནག་ཁྲུང་ཆེན་གྲོང་ཁྱེར་དང་། སི་ཁྲོན་ཞིང་ཆེན་སོགས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པའི་ཆ་ཤས་ཤིག་ཡིན། སྐབས་དེར་གཞུང་ཚབ་ནས་བོད་རིགས་གཙོ་བོར་གྱུར་པའི་ས་གནས་ཡུལ་མི་མང་པོ་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། ཁུལ་དེའི་གྲོང་ཁྱེར་དང་དགོན་པ་སོགས་ཀྱི་ནང་དུའང་ཕེབས་ཏེ་ས་གནས་བོད་རིགས་ཚོ་དང་གསུང་མོལ་བརྒྱུད། ཁོང་ཚོའི་གནས་སྟངས་དང་འཚོ་བའི་ལས་དོན་སྐོར་ཤེས་ཐབས་གནང་ཡོད། ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་ཐོག་འཛིན་བཞིན་པའི་སྲིད་བྱུས་ནི་ཧ་ཅང་ཁ་གསལ་པོ་དང་ཕྱི་གསལ་ནང་གསལ་ཞིག་ཡིན་པར་བརྟེན། ཁྱེད་ཚོས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། བོད་ཀྱི་དཀའ་ངལ་སེལ་ཆེད་རྒྱ་ནག་གཞུང་གིས་བོད་མི་དང་ལྷན་གྲོས་མོལ་གནང་རྒྱུར་ང་ཚོས་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་མ་ཟད། བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཐོག་ང་ཚོར་ཧ་ཅང་སེམས་འཚབ་ཡོད་ཅེས་ལན་འདེབས་གནང་ཡོད་པ་རེད།
ཡང་གསར་འགོད་པས་གཞུང་ཚབ་ད་ལྟ་ཨ་རིའི་ནང་བཞུགས་ཡོད་མེད་དང། ཁོང་གིས་རྔ་པའི་འཚམས་གཟིགས་དང་འབྲེལ་བའི་ཉམས་མྱོང་སྐོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་ཨ་རིར་གནས་སྡོད་བོད་མི་རྣམས་ལ་གསལ་བཤད་གནང་རྒྱུ་ཡིན་མིན་སྐོར་ཞུས་པར། མགྲིན་ཚབ་པས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སུ་འདྲ་ཞིག་རྒྱ་ནག་ཏུ་ནམ་ཕེབས་སྐབས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ལ་མཇལ་འཕྲད་གནང་བཞིན་ཡོད། སྐབས་དེར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་རྟག་ཏུ་བགྲོ་གླེང་ཡོང་བཞིན་ཡོད་པ་མ་ཟད། གནད་དོན་དེའི་སྐོར་རྒྱ་ནག་གཞུང་དང་ཇི་ལྟར་གླེང་དགོས་མིན་སྐོར་གོ་བསྡུར་ཡོང་བཞིན་ཡོད་ཅེས་གསུངས་འདུག
དེ་རྗེས་གསར་འགོད་པས་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་ཐོག་ཨ་རིའི་གཞུང་གི་ལངས་ཕྱོགས་ཇི་འདྲ་ཡིན་གསལ་བཤད་གནང་རོགས་ཞུས་པར། མགྲིན་ཚབ་པས། ཨ་རིའི་གཞུང་གིས་བོད་ནང་དུ་རང་ལུས་མེར་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནད་དོན་ཐོག་ཧ་ཅང་སེམས་འཚབ་ཆེན་པོ་ཡོད་པ་མ་ཟད། བོད་མིའི་དངོས་ཡོད་དཀའ་ངལ་ཐོག་ཨ་རིའི་གཞུང་ལ་བློ་འཚབ་ཆེན་པོ་ཡོད་པར་བརྟེན། བོད་མིའི་དཀའ་ངལ་སེལ་ཆེད་རྒྱ་ནག་གཞུང་གིས་བོད་མིའི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པ་བསྟུད་མར་རེ་འདུན་ཞུ་བཞིན་ཡོད་ཅེས་ལན་འདེབས་གནང་ཡོད་འདུག
