མགོ་ལོག་པདྨ་རྫོང་གི་ཉེན་རྟོག་མགོ་དཔོན་གནས་དབྱུང་།
འདི་ལོར་མགོ་ལོག་པདྨ་རྫོང་ཁོངས་སུ་བོད་མི་ཚོས་རྒྱ་གཞུང་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་ལས་འགུལ་བ་མང་པོ་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བཀྲམ་ནའང་། རྫོང་ཉེན་རྟོག་པའི་མགོ་དཔོན་བོད་རིགས་ཤིག་ཡོད་པ་དེས་དང་ལེན་མ་བྱས་པར་བརྟེན། ཉེ་ཆར་ཁོང་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་དྷ་སར་གནས་སྡོད་ཚང་དབྱངས་རྒྱ་མཚོས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོ་ཟླ་ ༡ ཚེས་ ༡༨ ནས་ཚེས་ ༢༦ བར་དུ་མདོ་སྨད་མགོ་ལོག་པདྨ་རྫོང་ཐོག་དང་། དེ་བཞིན་དུ་ལྕགས་རི་ཐང་ཡུལ་ཚོ། སྟག་མཁར་ཡུལ་ཚོ། གྱི་མཁར་ཡུལ་ཚོ། ཡར་ཐང་ཡུལ་ཚོ་སོགས་སུ་རིམ་བཞིན་དུ་ཞི་རྒོལ་བྱས་ཏེ་ “ང་ཚོར་རང་དབང་དགོས”ཞེས་དང་། ཡང་ “ཞི་བདེའི་དེད་དཔོན་བོད་ལ་ཕེབས་པར་རང་དབང་དགོས།” ཞེས་དང་། “པཎ་ཆེན་རིན་པོ་ཆེའི་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས།” ཞེས་སོགས་ཀྱི་འཕྲེད་དར་སྣ་ཚོགས་འཕྱར་བ་སོགས་བྱས་ཡོད་ལ། རྫོང་ཐོག་ནས་ངོ་རྒོལ་བྱེད་མཁན་ཁག་ཅིག་འཛིན་བཟུང་བྱས་ཡོད།
ས་གནས་ཉེན་རྟོགས་པས་སྐབས་དེའི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་དག འཛིན་བཟུང་བྱེད་ངེས་ཡིན་པའི་བཀའ་རྒྱ་བཏང་ཡོད་ཀྱང། རྫོང་ཐོག་ནས་ཞི་རྒོལ་སྐབས་མི་དྲུག་འཛིན་བཟུང་བྱས་ཡོད་པ་ལས། གཞན་ད་བར་དུ་མི་སྣ་གཅིག་ཀྱང་འཛིན་བཟུང་མ་བྱས་པར་བརྟེན། ཞིང་ཆེན་དང་ཁུལ་རིམ་པས་བཀའ་རྒྱ་བཏང་ཏེ་མགོ་ལོག་པདྨ་རྫོང་གི་ཉེན་རྟོག་མགོ་བ་དཔལ་སྟོབས་ལ། ཁྱེད་ཀྱིས་ཟླ་ངོ་གསུམ་ནང་ཚུད་དུ་ཉེ་ཆར་ས་གནས་ནས་ཟིང་ཆ་སློང་མཁན་དག་འཛིན་བཟུང་བྱེད་དགོས། དུས་ཚོད་དེའི་ནང་ལ་ལས་འགན་དེ་མ་འགྲུབ་ཚེ་ཁོ་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་ཡིན་པའི་བཀའ་རྒྱ་བཏང་སྐབས། རྫོང་ཉེན་རྟོག་དཔོན་དཔལ་སྟོབས་ཀྱིས་ཁོ་རང་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་ཡིན་ན་ཐོངས། ངས་མི་གཅིག་ཀྱང་འཛིན་བཟུང་བྱེད་མི་ཐུབ་ཞེས་ལན་འདེབས་བྱས་པར་བརྟེན་ཁོ་རང་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡ ཉིན་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག
ས་གནས་མང་ཚོགས་ཀྱིས་གནད་དོན་དེ་གོ་མ་ཐག་ས་གནས་དགོན་པ་སོ་སོའི་འཐུས་ཚབ་དང་། མང་ཚོགས་ཀྱི་སྐུ་ཚབ་སོགས་ཉེན་རྟོགས་དཔོན་དཔལ་སྟོབས་ཀྱི་ནང་དུ་བསྐྱོད་ནས། ཁོ་ལ་ཐུགས་རྗེའི་ལེགས་འབུལ་མཚོན་ཆེད་ཁ་བཏགས་སྒྲོན་འབུལ་དང་འཚོ་སྣོན་ལ་སྒོར་མོ་ཞལ་འདེབས་གནང་བ་སོགས་དང་། དེ་བཞིན་དུ་མགོ་ལོག་པདྨ་རྫོང་ཨ་སྐྱོང་ཇོ་ནང་དགོན་པས་དགོན་ཐོག་ཏུ་གདན་འདྲེན་ཞུས་ཏེ་ཁ་བཏགས་སྒྲོན་འབུལ་དང་། དགོན་པའི་ངོས་ནས་འཚོ་སྣོན་ཞལ་འདེབས་གནང་བ་སོགས་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེར་བསྟན་ཡོད་འདུག་ལ། ཁོ་རང་གི་ངོས་ནས་ས་གནས་མང་ཚོགས་ཚོར་མ་འོངས་པར་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་ཡོད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ཉིན་ཁོང་ཕྱིར་ཕ་ཡུལ་མགོ་ལོག་དར་ལག་ཏུ་སྐྱོད་སྐབས་ས་གནས་དགོན་སྡེ་ཁག་གི་སྐུ་ཚབ་དང་། ས་གནས་མང་ཚོགས་བཅས་ཁྱོན་རླངས་འཁོར་ཆེ་ཆུང་སུམ་བརྒྱ་མ་ཟིན་ཙམ་གྱིས་སྐྱེལ་མ་བྱས་ཡོད་འདུག་ལ། ཉིན་དེར་ཉེན་རྟོགས་དཔོན་དཔལ་སྟོབས་ཀྱིས། བོད་ཆས་ཆ་ཚང་ཞིག་གོན་ནས་མགོ་ལོག་པདྨ་རྫོང་ནས་ཡར་སྤྱི་ལེ་སུམ་བཅུ་ཡས་མས་ཀྱི་འཚམས་ན་ཡོད་པའི་ལྕགས་རྩེ་ཞེས་ནམ་རྒྱུན་བསང་གཏོང་སའི་ས་གནས་ཞིག་ཡོད་པ་དེ་ནས། བསངས་བཏང་ཡོད་པ་དང་། ས་གནས་མང་ཚོགས་ལ་རྗེས་ཕྱོགས་ཁྲིམས་དང་མཐུན་པའི་སྒོ་ནས་ལས་དོན་སྒྲུབ་ཕྱོགས་སྐོར་ལ་གཏམ་བཤད་དང་ལམ་སྟོན་བྱས་ཡོད་འདུག །