མཆོད་འབུལ་སྨོན་ལམ་དང་མར་མེའི་ཁྲོམ་སྐོར།
ཕྱི་ཟླ་༡༠ ཚེས་༣༠ ཉིན་གྱི་དགོང་དྲོ་ཆུ་ཚོད་༦ པའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ཚོགས་པ་གཉིས་ཀྱི་ཐུན་མོང་གི་གོ་སྒྲིག་འོག ཁམས་དང་ཨ་མདོའི་ས་ཁུལ་ནས་བོད་མི་བཞིའི་རང་ལུས་མེར་སྲེག་གི་རྒྱ་གཞུང་ལ་ཞི་སྒོར་བྱེད་མཁན་ཚོི་གཙོས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནང་སྟངས་ལ།
གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་རེད། སྐབས་དེར་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་ནང་ཡོད་པའི་གཞོན་ལྷན་དང་བུད་མེད་ཚོགས་པ་གཉིས་ཀྱི་ཚོགས་མི་༢༠༠ མ་ཟིན་ཙམ་མཉམ་ཞུགས་བྱས་ཡོད་པ་དང་། དེར་མོན་གྷོ་ས་གནས་བུད་མེད་ཚོགས་གཙོ་འཚམས་གཅོད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནང་སྟངས་སྤྱི་དང་། ལྷག་པར་དུ་ཉེ་ཆར་བོད་མི་བཞིས་སླར་ཡང་བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་ཆེད་དུ་སྐུ་ལུས་ཞུགས་འབུལ་གནང་ཡོད་པའི་ཛ་དྲག་གི་གནང་སྟངས་སྐོར་མི་མང་ལ་འགྲེལ་རྗོད་གནང་རྗེས་མྱ་ངན་གུས་འདུད་མཚོན་ཆེད་དུ་ངག་བཅད་སྐར་མ་གཅིག་རིང་གནང་སོང་། དེ་རྗེས་བདེན་ཚིགས་སྨོན་ལམ་དང་མ་ཎི་སོགས་གསོག་སྒྲུབ་གནང་སོང་།།
མོན་གྷོ་གསར་འགོད་པས།