ལོ་རྒྱུས་དང་མ་འོངས་པའི་མདུན་ལམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༨  ཕྱི་ལོ་ ༢༠༡༢/༡༠/༡༧
བོད་ཀྱི་བདེན་དོན་རྩོད་གླེང་བྱེད་པའི་སྐབས་སུ་འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་ཀྱང་གལ་ཆེན་པོར་འཛིན་དགོས་ལ། ལོ་རྒྱུས་ལ་བཟོ་བཅོས་བྱེད་རྒྱུ་གང་ཡང་མེད་པར་ལོ་རྒྱུས་ནང་གང་བྱུང་བ་དང་གང་ཡིན་པ་དེ་གནད་དོན་དུ་འཛིན་དགོས་པ་དེ་བས་ཀྱང་གལ་ཆེན་པོར་གྱུར་ཡོད།

ད་ལྟའི་ཆར་བོད་དེ་རྒྱ་དམར་དྲག་གཞུང་གི་མངའ་འོག་ཏུ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པ་དང། དེའི་སྔོན་དུ་བོད་རང་བཙན་གཙང་མའི་ངོ་བོར་གནས་ཡོད་པ་དེ་ཁ་གསལ་གཏིང་གསལ་ཡིན་མིན་ལ་ངེས་ཤེས་གཏིང་ཟབ་ཅིག་མེད་ན། བོད་རང་བཙན་ལྟ་ཅི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཙམ་རྩོད་དགོས་ཀྱང་རྐང་པ་བརྟན་པོ་འཛུགས་ཐུབ་མིན་ཐད་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད། སྤྱིར་འཛམ་བུའི་གླིང་གི་རྒྱལ་ཁབ་ཁག་གི་ལོ་རྒྱུས་སྤྱི་དང་ཆབ་སྲིད་ཀྱི་གནས་ཚུལ་ལ་འཕོ་འགྱུར་མང་པོ་སོང་ཡོད་པ་མ་ཟད། ད་ལྟའི་ཆར་ཡང་འགྱུར་བ་མང་དག་ཅིག་འགྲོ་བཞིན་ཡོད་པ་དེ་དག་གནས་སྐབས་དང་མཐར་ཐུག་གི་དགོས་མཁོ་ལ་གཞིག་ཡོད་པ་སྨྲོས་མི་དགོས་པ་རེད། འོན་ཀྱང་ལོ་རྒྱུས་གཞིར་བཟུང་བའི་ཐོག་ནས་མ་འོངས་པའི་ཁེ་ཕན་རྩོད་དགོས་པ་དེ་ད་ལྟའི་གནས་སྟངས་དང་བསྟུན་ན་གལ་ཆེ་ཤོས་སུ་གྱུར་ཡོད།

དཔེར་ན་ལོ་འདིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཡུ་རོབ་མཐུན་ཚོགས་ལ་ཐོབ་པ་དེས། ཡུ་རོབ་མཐུན་ཚོགས་གསར་འཛུགས་བྱས་ནས་ད་ལྟའི་ཆར་རྒྱལ་ཁབ་༢༧ ཙམ་མཉམ་ཞུགས་བྱས་ཡོད་པ་དག་གིས་ད་བར་ཆབ་སྲིད་དང། གཙོ་བོ་དཔལ་འབྱོར་གྱི་ཐོག་ནས་མཉམ་འབྲེལ་ཡག་པོ་བྱུང་ཡོད་པ་དང། དེ་ལ་བརྟེན་ནས་ཡུ་རོབ་ཁུལ་དུ་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིིག་བསྐྲུན་ཐུབ་ཡོད་པའི་མངོན་རྟགས་གསལ་སྟོན་བྱས་པ་རེད། ནུས་པ་འདི་ལ་བརྟེན་ནས་མ་འོངས་པར་གླིང་ཆེན་ཨེ་ཤི་ཡས་གཙོས་པའི་རྒྱལ་ཁབ་རྣམས་མཉམ་འབྲེལ་དགོས་མིན་སོགས་ལ་བསམ་ཞིབ་བྱེད་འོས་པ་མ་ཟད། འདས་པའི་ལོ་ལྔ་དྲུག་གི་སྔོན་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་གིས་མཉམ་འབྲེལ་བྱ་རྒྱུ་དང། ཐུན་མོང་གི་དངུལ་སྒོར་བཟོ་སྐྲུན་བྱ་རྒྱུའི་དཔེ་རིས་ཤིག་ཀྱང་གསར་ལམ་ཁག་ཏུ་ཐོན་ཡོད་ཀྱང་ད་ལྟའི་ཆར་གྲག་འགུལ་གང་ཡང་མེད་པར་གྱུར་ཡོད།

ཕྱོགས་གཅིག་ནས་སྔོན་མ་དང་མི་འདྲ་བར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཅིག་ལ་དཔལ་འབྱོར་གྱི་ཐོག་ནས་ཉམས་ཆག་ཆེན་པོར་གྱུར་ཡོང་བའི་སྐབས་སུ་འཛམ་གླིང་སྤྱི་ལ་ཤུགས་རྐྱེན་ཐེབས་ཡོང་བ་དང། ལྷག་དོན་གྷི་རི་སིའི་དཔལ་འབྱོར་ཉམས་ཉེས་ལ་བརྟེན་ནས། ཡུ་རོབ་སྤྱིའི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་ཐེབས་པ་ལྟ་བུ་དེ་དེང་དུས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་འབྲེལ་བ་དང། ཡང་དགོས་ཡུ་རོབ་མཉམ་འབྲེལ་གྱི་གནས་སྟངས་ལ་བརྟེན་ནས་བྱུང་བ་རེད། གནད་དོན་འདི་དག་གི་ཐོག་ལ་བཟང་ཕྱོགས་དང་ངན་ཕྱོགས། ཁེ་ཕན་དང་གྱོང་གུད་བཅས་ཕྱོགས་གང་ཐད་ནས་བསམ་བློ་གཏོང་དགོས་པ་མང་པོ་ཡོད་ཀྱང། ད་ལྟའི་ཆར་རང་བཙན་ལྟ་ཅི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཙམ་ཡང་རག་དཀའ་བའི་བོད་མི་རིགས་ལ་མཚོན་ན་གནད་དོན་འདི་དག་གི་ཐོག་ལ་བསམ་བློ་གཏོང་རྒྱུ་ད་དུང་ཅུང་སྔ་དྲགས་པ་རེད།

བོད་མི་རིགས་དེ་མ་འོངས་པར་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཤིག་རག་རྒྱུའི་རྨི་ལམ་དེ་གལ་སྲིད་མངོན་གྱུར་བྱུང་བའི་དབང་དུ་བཏང་ནའང། གནད་དོན་དེ་དང་ཡུ་རོབ་མཉམ་འབྲེལ་ལྟ་བུའི་ཁེ་ཕན་དང་གནས་སྟངས་གང་ཐད་ནས་མཚུངས་བསྡུར་བྱ་ཐབས་མེད། ཡུ་རོབ་མཉམ་འབྲེལ་ནི་དེའི་ཁོངས་ཀྱི་རྒྱལ་ཁབ་ཚང་མ་འདྲ་མཉམ་དང་ཆེ་ཆུང་གི་དབྱེ་བ་མེད་པར་དགོས་མཁོ་འབའ་ཞིག་ལ་བརྟེན་ནས་རང་མོས་ཀྱིས་བཟོས་པ་ཞིག་ཡིན་པ་དང། བོད་རྒྱ་འོག་ཏུ་སྡོད་རྒྱུ་ནི་དེ་ལས་གཞན་པའི་ལམ་ཁ་ཞིག་གཏན་ནས་མ་རག་པ་ཡིན་པས། ཐོག་མའི་ཀུན་སློང་དང་དམིགས་ཡུལ་མི་འདྲ་བ་བཞིན། མཐའ་མའི་གྲུབ་འབྲས་དང་གནས་སྟངས་ཀྱང་མི་འདྲ་བ་ཞིག་འབྱུང་ངེས་ཡིན་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་བོད་མ་འོངས་པར་མུ་མཐུད་རྒྱ་ཁོངས་སུ་སྡོད་རྒྱུའི་གནད་དོན་གླེང་སྐབས། ཁེ་ཕན་ཡོད་པའི་མཚུངས་དཔེར་ཡུ་རོབ་མཉམ་འབྲེལ་གཏན་ནས་དྲངས་མི་འོས།

ཡུ་རོབ་མཉམ་འབྲེལ་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་འོས་པ་ཞིག་ཡིན་ཡང། ད་ལྟའི་དུས་འདིར་བཙན་གནོན་དང་དབང་ཤུགས་མེ་ལས་ཚ་བའི་རྒྱ་དམར་དྲག་གཞུང་དང། མི་རིགས་རིང་ལུགས་ཀྱི་མགོ་བོ་རྨོངས་པའི་རྒྱ་མི་རིགས་ཕལ་མོ་ཆེའི་སེམས་ནང་གི་བོད་པ་ནི། རྨོངས་པ་དང་ཀླ་ཀློ་འབའ་ཞིག་ཏུ་བརྩི་བ་ལས་འདྲ་མཉམ་དང་གཅིག་མཚུངས་ཀྱི་ལྟ་ཚུལ་འདི། རྒྱ་གཞུང་གི་དྲིལ་བསྒྲགས་རྫུན་མའི་འོག་ནས་སླེབས་དཀའ་བ་དང། ང་ཚོ་ལ་རེ་བ་ཞིག་རྒྱག་ས་ཡོད་པ་ནི། དྲ་རྒྱའི་དུས་རབས་འདིར་ཕྱི་ཕྱོགས་ཀྱི་གནས་ཚུལ་མང་དག་ཅིག་རྒྱ་ནག་གཞུང་གིས་བཀག་ཀྱང་ཁོག་དཀའ་བའི་དུས་སུ་སླེབས་ཡོད་པས། རྒྱ་ནག་ནང་གི་རང་དབང་དང་འདྲ་མཉམ། ལྷག་དོན་རྒྱ་གཞུང་གིས་དྲིལ་བསྒྲགས་རྫུན་མ་ལ་བརྟེན་ནས་མི་མང་གི་ཀླད་པ་བཀྲུ་རྒྱུའི་ལས་འགུལ་གྱི་ཤུགས་རྐྱེན་ཆུང་དུ་འགྲོ་སྲིད་པ་དང། དེ་ལ་བརྟེན་ནས་རྒྱ་མི་རིགས་ཀྱི་ནང་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་ཡང་ཅུང་ཙམ་རེ་མཐོང་ཐུབ་མཁན་མང་དུ་འགྲོ་བའི་རེ་བ་ཡོད། འོན་ཀྱང་དེ་ཙམ་གྱིས་མི་ཕན་པར་བོད་པའི་གནད་དོན་སྤྱི་ཡོངས་ལ་དོན་གྱིས་འགྱུར་བ་ཆེན་པོ་ཞིག་སོང་བའི་རྗེས་མ་གཏོགས། ཡུ་རོབ་མཉམ་འབྲེལ་གྱིས་རྒྱས་འགེབས་བྱ་རྒྱུ་དེ་དོན་ལ་གནས་པ་ཞིག་གཏན་ནས་མིན།།