སྐྱོ་གདུང་གི་སེམས་གླུ།

སྐྱོ་གདུང་གི་སེམས་གླུ།

   _______ཕྱི་མར་བཞུད་བའི་ཡུམ་ཆེན་མཆོག་ལ་མིག་ཆུས་སྐྱེལ་མ་བྱས།

 དྲིན་གྱི་བསྐྱངས་པའི་རྒྱང་རིང་ཡུམ་ཆེན་ཁྱེད།། 

ཁོ་མོ་ནོར་འཛིན་ལྷ་མོའི་ལྟོ་བར་བསུས།། 

བྱམས་བརྩེའི་འཛུམ་གྱིས་ལུས་ཟུངས་རྨང་ནས་གསོ།།

རང་འདོད་སྡོམ་བཙུན་ལམ་བུའི་སྣེ་ལ་བཏང་།།

 

                  

                           རྟ་བདུན་ཆི་ལའི་ཕག་ལ་ཉལ་བའི་རྗེས།།

                   གཅུང་པོས་ཡུམ་ཆེན་གཟུགས་གཞི་མི་བདེ་ཞེས།།

                   མི་སྙན་ཚིག་ཞིག་ཐོས་འཛིན་དབང་པོར་ལྷུང་།།

                   སེམས་ཁུང་སྡུག་གི་མུན་པ་སྟུག་པོས་ཁེངས།།

ཉིན་མཚན་ཞིག་གི་འཁོར་བསྐྱོད་ལོ་ལས་རིང་།།

རྒྱུས་མེད་ས་མཐར་སྡུག་གི་ལམ་བུ་བརྟོལ།།

ལྷན་སྐྱེས་ཞལ་གྱི་འཛུམས་མདངས་དྲན་ངོར་འཆར།།

ཅི་བྱ་གཏོལ་མེད་བར་ན་དུས་ཚོད་་འདས།།

                   རྟ་ལྗང་ཉི་ཟེར་མ་འཕྲོས་ཉིན་གཅིག་ཞོགས།།

                   གཅེན་པོས་འཛེམ་ཟོན་རོ་འཛིན་གཡོ་བ་ལས།།

                   ཡུམ་ཆེན་འཇིག་རྟེན་ཕ་རོལ་གཤེགས་པ་ཐོས།།

                   ཁོ་མོ་སྡུག་གི་མིག་ཆུའི་མཚོ་མོ་འཁྱིལ།།

བདག་ཆེད་དཀའ་སྡུག་དང་ལེན་ཡུམ་ཆེན་ཁྱེད།།

ང་ཡི་ཚེ་གང་སྒུག་ཅིང་བཙལ་ཡང་རུང་།།

ཁྱེད་ཉིད་མཇལ་བའི་སྐལ་བ་མ་མཆིས་ལ།།

ཁོ་མོ་ཉམ་ངའི་དྭ་ཕྲུག་ཞིག་ལ་འགྱུར།།

ཁྱེད་ཉིད་དྲན་གདུང་ན་ཟུག་རེ་རེ་ཡི།།

དམར་ཆུང་སྙིང་ལ་རལ་གྲིས་བསྣུན་དང་མཚུངས།།

གཉིད་མེད་ཟ་བཅུད་རོ་བརྒྱ་མི་ཚོར་ཞིང་།།

མིག་ཟུང་མུ་ཏིག་རྡོག་པ་ཆད་མེད་ལ།།

ཁྱེད་ཉིད་བཀའ་དྲིན་དྲན་ངོར་ཡལ་མི་སྲིད།།

ཡུམ་ཆེན་བསླབ་བྱ་བདུད་རྩི་ཟིལ་མ་དེ།།

ཁོ་མོའི་སྙིང་དབུས་དཀྱིལ་ལ་བཞད་ནས་ཡོད།།

ཁྱེད་ཉིད་བློ་བདེ་བག་ཕེབས་པར་འཚལ།།