ཤི་ཅིང་ཕིན་གྱི་བོད་ཀྱི་དཀའ་ངལ་ཞེས་པའི་སྙན་ཐོ་ཞིག་བཏོན་འདུག

རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིང་ཕིན་གྱིས་རྒྱ་ནག་གི་སྲིད་འཛིན་གྱི་འགན་ཁུར་ལ་ཉེ་བའི་སྐབས་འདིར། “ཤི་ཅིང་ཕིན་གྱི་བོད་ཀྱི་དཀའ་ངལ། ལོ་དྲུག་ཅུའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་”ཞེས་པའི་སྙན་ཐོ་ཞིག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་ནས་སྤེལ་ཡོད་པ་རེད།

ཕྱི་ཟླ་༡༠ ཚེས་༣༡ ཉིན་གྱི་དགོང་མོ་དྲ་བརྙན་བརྒྱུད་རྒྱལ་སྤྱིའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་། དེར་ཨ་རི་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་རྡོར་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འཐུས་མི་བསྟན་འཛིན་འཇིགས་མེད། ཨོ་སི་ཁྲི་ལི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐྱིད་འཛོམས་བཅས་ཀྱིས་དྲ་བརྙན་བརྒྱུད་སྙན་ཐོ་དེའི་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་འབྲེལ་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།

སྙན་ཐོ་དེའི་ནང་ཤི་ཅིང་ཕིན་གྱི་བོད་ཀྱི་དཀའ་ངལ་ཞེས་པའི་སྙན་ཐོའི་ནང་“རྒྱ་ནག་གིས་བོད་ལ་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་ལག་བསྟར་བྱས་ནས་ལོ་དྲུག་ཅུའི་རིང་བོད་མིས་རྒྱུན་ཆད་མེད་པར་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་སྐོར་དང་།  ཤི་ཅིང་ཕིན་གྱིས་ཛ་དྲག་འོག་གནས་པའི་བོད་ཀྱི་དཀའ་ངལ་དེར་དང་ལེན་བྱེད་དགོས་པ་ཡིན། ལོ་དྲུག་ཅུའི་གོང་བཙན་འཛུལ་བྱས་ནས་བཟུང་བོད་མི་ཚོ་བཙན་གནོན་དང་། གདུག་རྩུབ་འོག་གནས་ཡོད་ཀྱང་། ད་ལྟ་བོད་མིའི་མི་རིགས་ཀྱི་ལ་རྒྱ་དང་། བོད་རྒྱལ་ཁབ་ཀྱི་ལར་ཞེན་ཇེ་ཆེར་ཕྱིན་ནས་འགོག་རྒོལ་སྣ་མང་བྱེད་བཞིན་པའི་སྐབས་ཤིག་ཡིན།”ཞེད་འཁོད་འདུག

སྙན་ཐོ་དེའི་ནང་བོད་ནང་ད་ལྟ་བརྟན་ལྷིང་ཡོང་ཐབས་མེད་སྐོར་འཁོད་དོན། “བཙན་འཛུལ། ཞེད་སྣང་ལ་སོགས་པའི་བཙན་གནོན་གྱི་ཐབས་ཇུས་མང་དག་ཅིག་བེད་སྤྱོད་བྱས་ནས་བོད་ལ་དབང་བསྒྱུར་བྱེད་ཀྱི་ཡོད་པ་འབུལ་ཐོན་བྱས་ཡོད། རྒྱ་ནག་གི་མི་རབས་ལྔ་པའི་འགོ་ཁྲིད་ནས་ཤེས་དགོས་པ་ཞིག་ནི། བོད་ལ་དབང་བསྒྱུར་གྱི་སྲིད་ཇུས་རང་འཇགས་ལག་བསྟར་བྱས་ན། བོད་ནང་བརྟན་ལྷིང་ཡོང་རྒྱུ་མེད་པ་སྨོས་ཅི། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་འགོ་ཁྲིད་ལ་ཁ་རྡུང་ཡང་ཕོག་རྒྱུ་རེད་”ཅེས་སོགས།

བོད་ནང་དྲག་གནོན་བྱེད་བཞིན་པའི་སྲིད་ཇུས་འོག་བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན་ངོ་རྒོལ་ལས་འགུལ་འདྲ་སྤེལ་གྱི་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡིག་གཏོར་བཤིག་དང་། རིག་གཞུང་གཏོར་བཤིག་སྐོར་སོགས་ཀྱང་འཁོད་ཡོད་པ་མ་ཟད། ཤི་ཅིང་ཕིན་ལ་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། ལག་བསྟན་བྱེད་དགོས་པའི་འབོད་སྐུལ་ཁག་ཅིག་བཏོན་ཡོད་པ་རེད།།