རྒྱ་ནག་གི་ཚོགས་ཆེན།

ཚོགས་ཆེན་བཅོ་བརྒྱད་པ་དང་ངའི་ཕ་ཡུལ།   

དེ་རིང་ནི་རྒྱ་ནག་དམར་གཞུང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་བཞིན་ཡོད་ལ།  ཉིན་ཤས་གོང་ནས་རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་དེའི་སྐོར་མང་པོ་ཞིག་བསྒྲགས་པའི་ནང་མཐུན་སྒྲིལ་མཉམ་གནས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་ཟེར་བའི་སྒྲགས་གཏམ་མང་པོ་ཞིག་སྤེལ་བ་མ་ཟད་ས་གནས་ཁག་དང་དགོན་སྡེ་ཁག་ཏུ་ཆེད་མངག་ལས་དོན་ཚོགས་ཆུང་བཏང་སྟེ་ཚོགས་ཆེན་བཅོ་བརྒྱད་པར་རྒྱལ་ཁའི་ངང་བསུ་བ་ཞུ་དགོས་ཞེས་སོགས་ཀྱི་དོན་གྱིས་སྟོང་པའི་སྐད་ཆ་མང་པོ་ཞིག་ཉིན་དང་ཉིན་སྦྲེལ་ཏེ་བརྒྱུད་བསྒྲགས་བྱས་ཡོད་པ་རེད། 

ཡིན་ན་ཡང་ངའི་ཕ་ཡུལ་ཏེ་བོད་ཡུལ་གྱི་ས་གནས་གང་སར་རྒྱ་གཞུང་གིས་དྲག་དམག་བཏང་སྟེ་ཚད་ལས་འགལ་བའི་ཚ་གནན་དང་གཟབ་ནན་བྱེད་བཞིན་པ་ནི་དཔེར་ན་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་རིང་གྲོང་གསེབ་ཁག་གི་མི་མང་རྣམས་གྲོང་ཁྱེར་སོགས་ལ་ཕྱོགས་བསྐྱོད་བྱས་མི་ཆོག་པ་དང་ལྷག་རྒྱ་གར་ནས་གཉེན་ཕྲད་དུ་ཡོང་བའི་བོད་མི་རྣམས་གནས་སྐབས་དེའི་རིང་རང་གི་གྲོང་གསེབ་ལས་བརྒལ་བའི་ས་ཕྱོགས་གང་དུ་ཡང་བསྐྱོད་མི་ཆོག་པའི་བཀའ་རྒྱ་བཏང་འདུག   མ་གཞི་ད་ལྟའི་རྒྱ་ནག་སྲིད་གཞུང་ནི་དམར་ཤོག་ཙམ་དུ་མ་ཟད་དཔོན་ངན་རིང་ལུགས་ཤིག་ཀྱང་ཡིན་པས་ངན་པ་ལངས་ཤོར་གྱི་དཔོན་ངན་དེ་དག་གི་གདོང་སྦགས་ལྕགས་ཀྱི་སྒྲུབ་པ་ལྟར་ངོ་ཚ་དང་ཁྲེལ་ཡོད་ཀྱི་བསམ་པ་ནི་ཡེ་གདོད་མ་ནས་བྲལ་ཟིན་པ་ཤ་སྟག་རེད། དེར་བརྟེན་ཁོ་ཚོས་རྐུན་རྒྱབ་ཇག་ལང་གི་སྤྱོད་ཚུལ་ཡང་ཧང་བརྗེ་དཀའ་སླ།  མི་མང་གི་བདེ་སྡུག་མཐོང་བའི་མི་འབྲས་སྔ་ས་ནས་ལྡོང་ཟིན་པ་འབའ་ཞིག་རེད།  དེ་ཡང་ ༢༠༠༩་ནས་དེ་རིང་གི་བར་བོད་རིགས་སྤུན་ཟླ་བརྒྱ་ལ་ཉེ་བ་ཞིག་གིས་གཅེས་སྲོག་དཔང་དུ་བཙུགས་ཏེ་དཔོན་ངན་དེ་དག་གི་བྱེད་བབ་ཡ་ང་བ་དེ་དང་སྤྱོད་ཚུལ་སྐྱུག་བྲོ་བ་དེ་དག་ལ་དྲང་བདེན་དང་འཚེ་བ་མེད་པའི་ངོ་རྒོལ་སྐད་འབོད་གནང་ཡོད་ན་ཡང་རྒྱ་གཞུང་དཔོན་ངན་ཚོགས་པས་དེ་ལས་ལྡོག་ཏེ།  བོད་མི་ཚོར་མནར་གཅོད་དང་དམ་དྲག་ཁོ་ན་བྱས་པ་ལས་དོན་དམ་པར་བཟང་ཕྱོགས་ཀྱི་རྣམ་པ་ཙམ་ཡང་བསྟན་པ་མེད་ལ།  ཞི་བདེ་དང་རང་དབང་ལ་དགའ་བའི་འཛམ་གླིང་གི་རྒྱལ་ཁབ་དེ་དག་གིས་ཀྱང་རོགས་སྐྱོར་གང་ཡང་བྱེད་ཐུབ་མེད།  དེ་ནི་དུས་རབས་ཉེར་གཅིག་པར་འབྱུང་བཞིན་པའི་འཛམ་གླིང་དམག་ཆེན་གསུམ་པ་སྟེ།  དཔལ་འབྱོར་གྱི་དམག་འཁྲུག་རྫ་དྲགས་པའི་བྱེད་འབྲས་རེད་ལ།  ཉམ་ཆུང་དང་སྟོབས་ཆུང་བའི་མི་མང་དང་རྒྱལ་ཁབ་དེ་དག་སྣང་མེད་དུ་བཞག་པའི་མཚོན་རྟགས་ཤིག་ཀྱང་རེད།  རྒྱུ་མཚན་དེས་ན།  ང་ཚོ་བོད་མི་ཚང་མས་སྐབས་བབ་རང་ཉིད་ཀྱི་འོས་འགན་གང་ཡིན་ལ་ལྷག་བསམ་རྣམ་དག་དང་ཆིག་སྒྲིལ་གྱི་ནུས་པ་གཅིག་ཏུ་བསྒྲིལ་ཏེ།  རང་ཉིད་ཀྱི་ཡ་ང་བའི་གནས་བབ་དྲན་འཛིན་དུ་ཡོད་པའི་ཐོག་ནས་བོད་དང་བོད་རིགས་ཡོངས་ཀྱི་སླད་དུ་མ་འོངས་པའི་བོད་རྒྱལ་ཁབ་ཀྱི་ཆེད་དུ་དཔལ་འབྱོར་དང་རིག་གནས་གང་གི་ཐོག་ནས་ནུས་པ་འདོན་རྒྱུ་ཡོད་ན་ཡང་འདོན་རན་པའི་དྲན་གསོ་བྱེད་བཞིན་འདུག