རེབ་གོང་དུ་རང་ལུས་མེར་སྲེག་གི་ལས་འགུལ་གཉིས་བྱུང་འདུག
ཟླ་འདིའི་ཚེས་༡༥ ཉིན་མདོ་སྨད་རེབ་གོང་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཡོད་འདུག རེབ་གོང་བཙན་མོ་ཡུལ་ཚོའི་བུད་མེད་ཏང་འཛིན་སྒྲོལ་མ་དང་། རེབ་གོང་རྒྱ་བོ་ཀླུ་ཆུ་ཡུལ་ཚོ་ནས་ཡིན་པའི་མཁའ་འབུམ་རྒྱལ་གཉིས་ཀྱིས་ཁག་སོ་སོར་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་འདུག
དྷ་སར་གནས་སྡོད་འཇིགས་མེད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཏང་འཛིན་སྒྲོལ་མ་ལོ་༢༣ ཙམ་ཡིན་པ་དང་། ཕའི་མིང་ལ་བུ་ལོ་དང་། མའི་མིང་ལ་བཀྲ་ཤིས་སྒྲོལ་མ་(ལོ་ ༤༡) ཟེར་གྱི་ཡོད་འདུག མོས་ཚེས་༡༥ ཉིན་གུང་བོད་ནང་ཆུ་ཚོད་ ༡༢ ཡས་མས་ཙམ་ལ། བོད་མདོ་སྨད་རེབ་གོང་བཙན་མོ་མགོ་དགེ་སྡེ་བའི་འདུ་ཁང་གི་ཆོས་རྭའི་ནང་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་གཅེས་དཔའ་མོ་ཏང་འཛིན་སྒྲོལ་མ་ལགས་ཀྱིས། རང་སྲེག་མ་བཏང་སྔོན་ལ་ཁོང་མོའི་ལག་ཁྱེར་ཁ་པར་དང་། མཛུབ་དཀྲིས། སྲུང་འཁོར་སོགས་རང་ཁྱིམ་དུ་བཞག་སྟེ། སྡེ་བའི་འདུ་ཁང་ནང་དུ་སོང་ནས་དུང་བུད་པ་དང་བསང་མཆོད་སོགས་བྱས་ཡོད་འདུག

དོ་དགོང་ཆུ་ཚོད་ ༡༠ ཐོག་ལ་དཔའ་མོ་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱ་འཆར་གནང་བཞིན་ཡོད་ཀྱང་། རོང་བོ་དགོན་པའི་དགེ་འདུན་པ་རྣམས་བཙན་མོར་སླེབས་མེད་སྟབས། ད་ལྟའི་ཆར་སྡེ་པའི་ཉེ་འཁྲིས་ཀྱི་སྒྲུབ་སྡེ་གསུམ་གྱི་གཙོས་ས་གནས་མང་ཚོགས་མང་པོ་འདུ་འཛོམས་ཐོག་སྒུག་སྡོད་བྱས་ཡོད་འདུག
དེ་ཡང་སུད་སིར་གནས་སྡོད་བསོད་ནམས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་༡༡ ཚེས་༡༥ ཉིན་རང་ལོ་༡༨ ཡིན་པ་མཁའ་འབུམ་རྒྱལ་གྱིས་བོད་ནང་གི་ཆུ་ཚོད་༡༡ ཡས་མས་སུ། རེབ་གོང་རྒྱལ་བོ་ཀླུ་ཆུ་ཀླུ་ཆུ་ཡུལ་ཚོ་ནས་རོང་པོར་ཡོང་སའི་ལམ་ཁ་ཁོང་གསེང་མདོ་ཟེར་བའི་ས་ཆ་ནས་རང་ལུས་མེ་བསྲེག་གིས། རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་ནས་སྐུ་གྲོངས་ཡོད་པ་རེད།
དཔའ་བོ་ཁོང་ནི་རེབ་གོང་རྒྱལ་བོ་ཀླུ་ཆུ་ཆུ་ཇ་རུ་ཁག་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་རྟ་མགྲིན་རྒྱལ་དང་། མ་མིང་ལ་སྒྲོལ་དཀར་མཚོ་ཟེར་གྱི་ཡོད་རེད། ཁོང་ལ་ཁྱོན་མིང་སྲིང་༦ ཡོད་པ་ལས། ཆེ་བའི་མིང་ལ་བསོད་ནམས་ལྷུན་གྲུབ་དང་། འབྲིང་བའི་མིང་ལ་ཀླུ་མོ་འཚོ། ཆུང་བའི་མིང་ལ་གུ་རུ་སྐྱིད་ཟེར་བ་རེད། དཔའ་བོ་ཁོང་ནི་གུ་རུ་སྐྱིད་ཀྱི་གོང་མ་རེད།
ད་ལྟ་རེབ་གོང་ཚ་རྒྱ་དགོན་དུ་དགེ་འདུན་པ་གཙོས་སྐྱ་སེར་བརྒྱ་ཕྲག་མང་པོས་སྐུ་ཕུང་ཞུགས་འབུལ་གནང་བཞིན་ཡོད་འདུག
སྐད་འབོད་ག་རེ་བྱས་ཡོད་མིན་སྐོར་གྱི་གནས་ཚུལ་ཞིབ་ཕྲ་འབྲེལ་བ་བྱེད་བཞིན་ཡོད་ཅེས་བརྗོད་སོང་།།
