ཉིན་བརྒྱ་དུས་གཅིག་ལ་བོད་དོན་ལས་འགུལ་སྤེལ་དགོས།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་ས་གནས་སོ་སོར་མར་མེ་ཁྲོམ་སྐོར་དང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཉིན་བརྒྱ་དུས་གཅིག་ལ་སྤེལ་རྒྱུ་ཡིན་ཞེས་སྲིད་སྐྱོང་བློ་བཟང་སེང་གེས་གསལ་བསྒྲགས་སྤེལ་ཡོད་པ་རེད།

གསལ་བསྒྲགས་དེའི་ནང་འཁོད་དོན། བོད་ནང་ཕྱི་ལོ་ ༢༠༠༩ ནས་ད་བར་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་བོད་མི་ ༧༢ ཀྱིས་རང་ལུས་མེར་སྲེག་བཏང་བའི་ཁོང་ནས་འདི་ལོ་གཅིག་པུར་བོད་མི་ ༥༩ ཡིས་རང་ལུས་མེར་སྲེག་བཏང་ཡོད། བོད་མི་ ༥༩ དེ་དག་འཁྲོད་ནས་ཕྱི་ཟླ་ ༡༠ ནང་བདུན་ཕྲག་གཅིག་གི་ནང་བོད་མི་ ༧ གྱིས་རང་ལུས་མེར་སྲེག་བཏང་བ་དང་ཕྱི་ཟླ་ ༡༡ ནང་ཉིན་གཅིག་རང་ལ་བོད་མི་ ༥ རང་ལུས་མེར་སྲེག་བཏང་ཡོད་པ་དེ་དག་གིས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་གསལ་པོ་མཚོན་བཞིན་ཡོད།

དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་འཛམ་གླིང་གང་སར་གནས་པའི་བོད་མི་སྤྱི་བོ་གནམ་བརྟེན་ཡོངས་ལ་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མཆོད་མེ་དང་ཡང་ལ་གང་རུང་ཕུལ་ཏེ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་དོར་བའི་རྒྱལ་གཅེས་པ་ཁོང་རྣམ་པའི་ཆེད་སྐར་མ་གཅིག་རིང་ངག་བཅད་ཀྱིས་གསོལ་བ་སྨོན་ལམ་འདེབས་རྒྱུ་དང། ས་གནས་སོ་སོར་མར་མེ་ཁྲོམ་སྐོར་དང་ཞི་བའི་གོམ་བགྲོད་གོ་སྒྲིག་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོས་གཞིས་ལུས་བོད་མི་ཚོར་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་དེ་རིགས་མ་སྤེལ་ རོགས་ཞེས་འབོད་སྐུལ་ཇི་ཙམ་ཞུས་ཀྱང་བོད་ནང་དུ་རང་ལུས་མེར་སྲེག་གི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད། དེར་བརྟེན་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང། བོད་ནང་རང་དབང་དགོས་པའི་བོད་མིའི་དགོས་འདུན་དེ་དག་ལག་བསྟར་དོན་འཁྱོལ་ཡོང་ཆེད་རྒྱབ་སྐྱོར་གནང་སྟེ་བདེན་པའི་རྒྱབ་ལང་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་ རྒྱུ་དང་།

གོང་ཚེས་ཉིན་བོད་དོན་རྒྱབ་སྐྱོར་ཆེད་ཉིན་བརྒྱ་དུས་གཅིག་ལ་སྤེལ་རྒྱུའི་ལས་འགུལ་གྱི་ཆ་ཤས་སུ་ང་ཚོས་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས། དེ་བཞིན་བོད་ཀྱི་གྲོགས་པོ་ཚང་མར་འབོད་སྐུལ་ཞུ་རྒྱུར་ཉིན་དེར་ཁྱེད་རྣམ་པས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་གང་མང་དང་མཉམ་རུབ་ཐོག་ནས་བོད་དོན་ཆེད་གདུང་སེམས་མཉམ་སྐྱེད་ལས་འགུལ་རྒྱ་གང་ཆེ་སྤེལ་རོགས་ཞུ་རྒྱུ་དང་། ཚོགས་པ་རེ་རེ་ནས་སྐུ་ཚབ་རེ་གསར་འགྱུར་ལས་ཁུངས་སུ་བཏང་སྟེ་བོད་ནང་གི་ཛ་ དྲག་གནས་སྟངས་ངོ་སྤྲོད་གནང་རྒྱུ་མ་ཟད། ཚོགས་པ་སོ་སོས་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མི་སྣ་སོགས་དང་ཐུགས་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

ཕྱོགས་མཚུངས་ཕྱི་ཟླ་༡༢ ཚེས་༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རང་ལུས་མེར་སྲེག་གི་གློག་བརྙན་སྐར་མ་བཅུ་ཅན་ཞིག་དབུ་འབྱེད་བྱ་རྒྱུ་དང་གློག་བརྙན་དེ་ས་གནས་སོ་སོར་འགྲེམས་སྤེལ་ཞུས་རྗེས་ཁུངས་སོ་སོས་འབྲེལ་ཡོད་གཞུང་འབྲེལ་མི་སྣ་དང་། གྲོས་ཚོགས་འཐུས་མི། གསར་འགྱུར་བརྒྱུད་ལམ། དེ་བཞིན་སྤྱི་ཚོགས་བརྒྱུད་ལམ་འདྲ་མིན་ཡོད་པ་རྣམས་ལ་བགོ་འགྲེམས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྒྱའི་ཁ་བྱང་ www.tibet.net དེ་བཞིན་མི་སྒེར་སོ་སོའི་སྤྱི་ཚོགས་དྲ་གནས་ཐོག་བཀོད་དེ་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཇི་ལྟར་སྤེལ་རྒྱུར་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད།།