གཞུང་འབྲེལ་ཤེས་ཡོན་ལས་འཆར་དབུ་འཛུགས།
དེ་རིང་ཞོགས་པར་ཤེས་རིག་ལས་ཁུངས་དང་བོད་ཀྱི་ཐེབས་རྩ་ཁང་གཉིས་ཐུན་མོང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུ་ཡིན་ཞེས་བསྒྲགས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་། དྷ་ས་གངས་སྐྱིད་དུ་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་དུ། ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་དང། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་རིན་ཆེན་དར་ལོ་གཉིས་ཀྱིས། བོད་མིའི་ཤེས་ཡོན་ལས་འཆར་གཞུང་འབྲེལ་དབུ་འཛུགས་ཞེས་པའི་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་སོང་ལ།
གསལ་འགོད་གསལ་བསྒྲགས་ཐོག་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་གྱིས་གསལ་འགོད་གསལ་བསྒྲགས་དེ་སྒྲོགས་སྦྱང་གནང་དོན། “དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་སྤྲོ་དང་བཅས་ཨ་མི་རི་ཀའི་རྒྱལ་སྤྱིའི་ཡར་རྒྱས་ངོས་ལས་ཁང་(USAID)གིས་འགྲོ་གྲོན་སྦྱར་བའི་ལོ་གཉིས་ཀྱི་བོད་མིའི་ཤེས་ཡོན་ལས་འཆར་དེ་དབུ་འཛུགས་ཀྱི་གསལ་བསྒྲགས་བྱེད་ཀྱི་ཡོད། ལས་འཆར་འདི་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུའི་ཆེད་དུ་ཡིན། ལས་འཆར་འདིའི་ཆེད་ཨ་མི་རི་ཀའི་རྒྱལ་སྤྱིའི་ཡར་རྒྱས་ངོས་ལས་ཁང་ནས་འདི་ལོའི་ཕྱི་ཟླ་དགུ་པའི་ནང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཁང་ལ་ཨ་སྒོར་ས་ཡ་གཉིས་གནང་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འབད་བརྩོན་གསར་པ་འདིས་བོད་མིའི་ཤེས་ཡོན་ལམ་ལུགས་སྤྱི་ཡོངས་ནས་ཤུགས་སྣོན་དང་། ངའི་འཛིན་སྐྱོང་གི་ཤེས་ཡོན་གྱི་དམིགས་ཡུལ་གཙོ་བོ་འགའ་ཤས་ལག་བསྟར་ཆེད་དགོས་གལ་ཆེ་བའི་འགྲོ་གྲོན་གྱི་མཐུན་རྐྱེན་ཡོང་ངེས་ལ་སོང་། ཨ་རིའི་གཞུང་གི་ (USAID)ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་Mario otereo དང་། བོད་དོན་ཐོག་ཨ་རིའི་དམིགས་བསལ་འབྲེལ་མཐུད་པའི་པས་ལས་ཁུངས་བཅས་ཀྱིས་ལས་འཆར་འདི་ངོས་བཞེས་གནང་རྒྱུར། དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུང་པ་ལྟར། བོད་མིའི་ཤེས་ཡོན་གྱི་གནད་དོན་གལ་ཆེར་བཟུང་བ་རྣམས་ལག་ལེན་དོན་འཁྱོལ་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་མཉམ་དམ་ཟབ་ཀྱི་སྒོ་ནས་བོད་མིའི་ཤེས་ཡོན་ལས་འཆར་འདི་ལག་བསྟར་བྱ་རྒྱུ་ཡིན་”ཞེས་དང་།
ཡང་ཁོང་གིས་མུ་མཐུད་དུ“་བོད་མིའི་ཤེས་ཡོན་ལས་འཆར་འདི་བོད་མིའི་ཤེས་ཡོན་ལམ་ལུགས་སྲ་བརྟན་དང་། གསར་གཏོད། དཔེ་སྟོན་གྱི་ལམ་ནས་བོད་མི་གཞོན་སྐྱེས་ཚོར་དེང་དུས་ཀྱི་ཆེད་ལས་སློབ་སྦྱོང་མཐར་ཕྱིན་པ་དང་། བློ་རྒྱ་ཆེ་ལ་ནུས་པ་ལྡན་པའི་མགོ་ཁྲིད། རྒྱ་གར་དང་བལ་ཡུལ་ནང་གི་གཞིས་ཆགས་སྲ་བརྟན་གྱི་ནུས་པ་བསྐྱར་གསོ་ཐུབ་ཐབས་ལ་འབད་རྒྱུ་ཡིན། དེ་མཚུངས་ལས་འཆར་འདིས་དགེ་རྒན་གྱི་ཤེས་ཚད་གོང་འཕེལ་དང་སྦྱོང་བརྡར། སློབ་ཡོན་འཆར་གཞི་རྒྱ་བསྐྱེད། མདུན་ལམ་སློབ་སྟོན་ཡར་རྒྱས། ཚན་རིག་དང་འཕྲུལ་ལས། འཛུགས་སྐྲུན་སྣེ་ཁྲིད། ཨང་རྩིས་བཅས་ཀྱི་ཤེས་ཡོན་ལ་གལ་ཆེན་བརྩི་རྒྱུ། འབྲིང་རིམ་སློབ་ཕྲུག་ཚོར་ཡིག་རྒྱུགས་གྲ་སྒྲིག་ཆེད་ཟུར་སྦྱོང་སྤྲོད་རྒྱུ། ཤེས་ཡོན་སློབ་གསོའི་འཛིན་སྐྱོང་ཡར་རྒྱས་གཏོང་ཡིན་”ཞེས་བསྒྲགས་སོང་།
དེ་ནས་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་རིན་ཆེན་དར་ལོས་ཐེངས་འདིར་ཨ་མི་རི་ཀའི་རྒྱལ་སྤྱིའི་ཡར་རྒྱས་ངོས་ལས་ཁང་ནས་བཙན་བྱོལ་བོད་མིའི་སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་ཆེད་ཨ་སྒོར་ས་ཡ་གཉིས་གནང་བ་དེ། སྲིད་སྐྱོང་བློ་བཟང་སེང་གེའི་དགོངས་དོན་ལྟར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཚོའི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་ཐོག་འགྲོ་གྲོན་གཏོང་རྒྱུ་ཡིན་སྐོར་དང་། དེ་བཞིན་ལས་འཆར་འདིའི་ཆེད་བཀའ་ཤག་རྙིང་པའི་ཡང་སྟེང་བོད་ཀྱི་ཐེབས་རྩ་ཁང་གི་ཡན་ལག་ལས་ཁུངས་ཤིག་གསར་འཛུགས་གནང་ཡོད་སྐོར། བོད་ཀྱི་ཐེབས་རྩ་ཁང་འདི་བོད་མིའི་ཆོས་དང་ཤེས་རིག འཕྲོད་བསྟེན་བཅས་མི་ཉམས་གོང་འཕེལ་དང་། དེ་བཞིན་གཞིས་ཆགས་སྲ་བརྟན་ཡོང་བ་སོགས་ཀྱི་ཆེད་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་གསར་འཛུགས་གནང་ནས་ལོ་ངོ་༣༡ གི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཆེ་ཁག་དང་། རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་དང་སློབ་གྲྭ་ཁག་ལ་ལོ་རེར་ཨ་སྒོར་ཡ་ས་༥ ཙམ་གྱིས་དཔལ་འབྱོར་གྱི་རོགས་རམ་བྱས་ཡོད་པ་དང་། དེ་དག་ཚུར་ཧིན་སྒོར་ལ་བསྒྱུར་བ་ཡིན་ན་ད་ལྟའི་བར་ཧིན་སྒོར་ས་ཡ་སྟོང་ཕྲག་ལྔ་ལྷག་ཙམ་གྱིས་མཐུན་རྐྱེན་བསྐྲུན་ཡོད་སྐོར་སོགས་བརྗོད་སོང་།
དེ་བཞིན་ཨ་རིའི་གཞུང་གི་ངོས་ནས་ཤེས་ཡོན་རང་གི་ཆེད་དུ་ཨ་སྒོར་ས་ཡ་གཉིས་གནང་པ་དེ་ཐེངས་དང་པོ་ཆགས་ཡོད་སྐོར་དང་། ལས་འཆར་འདི་རྩ་བས་ལོ་གཉིས་ཀྱི་དུས་ཡུན་ཡིན་ན་ཡང་ལས་དོན་གྲུབ་འབྲས་དང་ལྡན་པ་བྱུང་ན། མ་འོངས་པར་ལས་འཆར་འདི་མུ་མཐུད་དུ་གནས་རྒྱུའི་ཆོད་སེམས་ཡོད་སྐོར་ཡང་གསར་འགོད་གསལ་བསྒྲགས་སྐབས་ཤེས་རིག་དྲུང་འཕར་སྟོབས་རྒྱལ་གྱིས་གསར་འགོད་པར་འགྲེལ་བརྗོད་གནང་བྱུང་།