མདོ་སྨད་ཀླུ་ཆུ་རུ་རང་ལུས་མེར་སྲེག་གི་ངོ་རྒོལ།
བོད་མདོ་སྨད་ཀླུ་ཆུ་ཟམ་ཚ་ལོ་ཚོ་སྡེ་བའི་རྒྱལ་གཅེས་དཔའ་བོ་ཚེ་རིང་རྣམ་རྒྱལ་གྱིས། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བྱས་ཏེ་སྐུ་གྲོངས་པའི་གནས་ཚུལ་ཐོན་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༩ ཉིན་མདོ་སྨད་ཀླུ་ཆུ་རྫོང་ཟམ་ཚ་ལོ་ཚོ་སྡེ་བའི་རང་ལོ་༣༡ ཡིན་པའི་རྒྱལ་གཅེས་དཔའ་བོ་ཚེ་རིང་རྣམ་རྒྱལ་གྱིས་ས་གནས་ཟམ་ཚ་ཡུལ་ཚོའི་སྲིད་གཞུང་གི་ཉེ་འགྲམ་ནས། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཁོང་གི་ཕའི་མིང་ལ་ཆོས་རོ་དང་མའི་མིང་ལ་རྟ་མགྲིན་འཚོ་ཟེར་གྱི་ཡོད་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་ཆོས་སྐྱོང་འཚོ་འབོད་ཀྱི་ཡོད་འདུག་ལ། ཁོང་གཉིས་ལ་བྱིས་པ་བུ་མོ་གཉིས་ཡོད་པ་ལས་ཆེ་བ་རྡོ་རྗེ་སྐྱིད་ལོ་༧ དང་། ཆུང་བ་སྐལ་བཟང་སྒྲོལ་མ་ལོ་༣ ཡིན་པ་རེད་འདུག
ས་གནས་བོད་མིས་སྐུ་ཕུང་འདས་པོའི་རང་ཁྱིམ་དུ་གདན་འདྲེན་བྱས་ཤིང་། ཟམ་ཚའི་ཉང་ཚང་གདོང་གཟིགས་དགོན་པའི་དགེ་འདུན་པ་ཚོ་ཆེད་ཕེབས་ཀྱིས་སྨོན་ལམ་གསུང་འདོན་གནང་་ཡོད་པ་རེད། དེ་རིང་མེ་སྲེག་གནས་ཚུལ་དེ་བྱུང་རྗེས་རྒྱ་གཞུང་གི་དྲག་པོའི་དམག་མི་རླངས་འཁོར་བཅུ་གཉིས་ལྷག་སླེབས་ཏེ་གནས་ཚུལ་རྩད་ཞིབ་དང་དམ་དྲག་བྱེད་བཞིན་ཡོད་པའི་གན་ཚུལ་འདུག
རྒྱལ་གཅེས་དཔའ་བོ་ཚེ་རིང་རྣམ་རྒྱལ་གྱིས་རང་ལུས་མེ་སྲེག་བྱས་པ་ནི་མདོ་སྨད་ཀླུ་ཆུའི་ཡུལ་དུ་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་ལུས་མེ་སྲེག་བྱས་པ་ཐེངས་གསུམ་པ་ཡིན་ཞིང་། དེ་ཡང་ཐེངས་དང་ཕོ་ཕྱི་ཚེས་ ༢༢ དགོང་མོར་རང་ལུས་མེ་སྲེག་གཏོང་མཁན་རང་ལོ་ ༢༣ ཡིན་པའི་ཤིས་ཚང་དཔལ་སྒུར་བ་རྟ་མགྲིན་སྐྱབས་དང་། ཐེངས་གཉིས་པ་ཕྱི་ཚེས་ ༢༦ ཉིན་རང་ལུས་མེ་སྲེག་གཏོང་མཁན་རང་ལོ་ ༢༤ ཡིན་པའི་ཨ་ལ་སྦོག་ཚའི་མགོན་པོ་ཚེ་རིང་གཉིས་ཡིན་འདུག་ཅེས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་འདུག
མེ་སོར་གསར་འགོད་པས།