དཔེ་དེབ་ནི་གྲུ་ཆེན་ཞིག

                                     དཔེ་ཀློག་གི་དགེ་མཚན།
དཔེ་དེབ་ནི་གྲུ་ཆེན་ཞིག་དང་མཚུངས་ལ།  དཔེ་དེབ་ནི་འདབ་གཤོག་ཅིག་དང་མཚུངས། གཏིང་ཟབ་ཀྱི་ཆུ་གཏེར་ལས་རིན་བྲལ་གྱི་ནོར་བུ་ལེན་འདོད་པ་དག་ནི་གྲུ་ཆེན་ཞིག་དང་འགྲོགས་ཏེ་རྒྱ་མཚོའི་ཕ་མཐར་བརྒལ་དགོས་པ་བཞིན་སྣ་མང་ཤེས་བྱའི་ཆུ་གཏེར་གྱི་ཉིང་བཅུད་ལེན་འདོད་ན་དཔེ་དེབ་ནི་བླ་ན་མེད་པའི་གྲུ་ཆེན་ཞིག་ཡིན་ལ།

 མུ་མེད་ཀྱི་མཁའ་དབྱིངས་ནས་ཆེས་འཛད་མཐའ་མེད་པའི་མཛེས་ལྗོངས་ལ་སྐོར་བ་བྱེད་འདོད་ན་འདབ་གཤོག་ནི་མཁའ་དབྱིངས་སྟོབས་ཀྱིས་གཤག་པའི་ཕུལ་བྱུང་གི་གཤོག་རླབས་ཡིན་པ་བཞིན་མཐའ་མེད་ཤེས་བྱ་རིག་པའི་ཕ་མཐའ་ན་སོན་འདོད་པའི་རིག་ལྡན་ཞིག་ལ་མཚོན་ན་དཔེ་དེབ་ནི་ཤེས་བྱའི་སྐར་ཚོགས་ལ་འཇལ་བའི་འདབ་གཤོག་ངོ་མ་དེ་ལོས་ཡིན།  ད་དུང་དཔེ་དེབ་ཀྱིས་སྤྲད་པའི་དགེ་མཚན་བརྗོད་ཀྱིས་མི་ལངས་མོད། གཤམ་དུ་མཁོ་ཆེ་བའི་དཔེར་མཚོན་འགའ་ཞིག་བཀོད་ན་འདི་ལྟར་རོ།
ཀ༽  དཔེ་དེབ་བཀླགས་པས་དག་སྡེབ་ལེགས་པར་ཤེས།
དེ་ཡང་དོ་སྣང་དང་ཡིད་འཇོག་གི་ངང་ནས་དཔེ་དེབ་བཀླག་རྒྱུ་ནི་དཔེ་དེབ་ཀློག་པའི་ཐོག་མའི་ཆ་རྐྱེན་དུ་འཛིན་དགོས།  དེ་ལྟར་བྱས་ཏེ་དཔེ་དེབ་བཀླགས་ན།  ཡིག་འབྲུ་རེ་རེའི་དག་ཆ་ཡིད་ངོར་འཛིན་ནུས་ལ་ཚིག་གི་སྡེབ་ལུགས་ཀྱང་ཉིན་རེ་བཞིན་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ངེས། དེ་ནི་དཔེ་ཀློག་གིས་སྤྲད་པའི་ཐོག་མའི་ལེགས་སྐྱེས་དེ་ཡིན་ལ།  ལས་དང་པོ་བ་ཞིག་ལ་མཚོན་ན་དེ་ནི་བླ་ན་མེད་པའི་སྒྲུབ་འབྲས་ཤིག་ཡིན་ཏེ།  དག་སྡེབ་ལེགས་པར་སྦྱོར་ཤེས་ན།  རྩོམ་ཐུང་དགོངས་ཤོག་ནས་རྩོམ་རིང་ལོ་རྒྱུས་སོགས་གང་ཞིག་འབྲི་ན་ཡང་དཀའ་ཚེགས་ཆུང་ལ།  སྙན་ཆ་དོད་པོར་འབྲི་ཐུབ་པ་ཡིན།  དཔེ་དེབ་གྲོགས་སུ་བསྟེན་པ་ནི་ཕྱི་ཐག་རིང་བའི་གྲོགས་པོ་ཞིག་ཕྲད་པ་ལྟར།  ཁེར་རྐྱང་ཡིད་མུག་གི་འཚོ་བར་དགའ་བདེ་བག་ཕེབས་ཀྱི་སྤྲོ་སྣང་སྦྱིན་པ་མ་ཟད་གཤིབ་དཀའ་བའི་གྲོགས་ངན་ལྟར་མ་ཡིན་ཡིན་མདོག་མདོག་གི་བྱ་སྤྱོད་ལ་དང་ལེན་བྱེད་མི་དགོས་པར་རང་ཉིད་དོན་ངོ་མར་ལེགས་ལམ་ཐོག་འཁྲིད་མཁན་གྱི་བཤེས་གཉེན་ཁོ་ན་ཡང་ཡིན་ནོ།
ཁ༽  དཔེ་དེབ་བཀླགས་པས་མིང་ཚིག་ལོ་འདབ་བརྟས།
རྒྱུན་དུ་དཔེ་ཀློག་ལ་དགའ་བའི་སྐྱེས་བོ་ཞིག་ཡིན་ན་དེའི་ཀླད་པར་སྤྱིར་བཏང་གི་མི་དང་འདྲ་མཚུངས་མིན་པའི་འབུར་ཐོན་གྱི་ཁྱད་རྟགས་ཤིག་ནི་མི་དེའི་ཀླད་པ་མིང་ཚིག་གསར་པས་བལྟམས་ཏེ་སྐད་ཆ་བཤད་ཤོད་སྐབས་དང་རྩོམ་ཡིག་འབྲི་སྐབས། རྒྱུན་ལྡན་མིན་པའི་མིང་གསར་དང་ཚིག་དེ་དག་སྤྱད་ཡོད་སྟབས་རྩོམ་ཡིག་གི་བྲོ་བ་ཡང་དམིགས་བསལ་ཞིག་ཡོད་པ་ནི་རྟེན་འབྲེལ་གྱི་ཆོས་ཉིད་རེད།  དེས་ན་རྒྱུན་པར་ཤེས་ཡོན་གྱི་སླད་དུ་དུས་ཚོད་གཏོང་ཁོམ་མེད་པ་ཞིག་ལ་མཚོན་ན་དཔེ་དེབ་གྲོགས་སུ་བསྟེན་རྒྱུ་ནི་རང་ཉིད་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་མགྱོགས་ལ་སྤུས་ཚད་ལྡན་པར་འགྱུར་ཐུབ་པའི་ཟམ་པ་ཡག་ཤོས་ཤིག་དང་རྨོངས་ཉིད་ལས་སད་པའི་དབྱར་རྔ་ཞིག་དང་ཀུན་ནས་མཚུངས།
ག༽  དཔེ་དེབ་གྲོགས་སུ་བསྟེན་པའི་དགེ་མཚན་ཕུལ་བྱུང་།
དེ་ནི་དོན་ངོ་མའི་ལེགས་སྐྱེས་སམ་འབྲས་བཟང་ཞིག་སྟེ་རང་ཉིད་ཀྱི་བློ་གྲོས་བརྟས་པའི་བདུད་རྩི་ཡི་སྨན་ཆབ་ཅིག་དང་རྨོངས་མུན་གྱི་རྒྱ་ལས་སྒྲོལ་བའི་ཤེས་རིག་གི་སྒྲོན་མེ་གཅིག་ཏུ་ངེས་ཏེ།  དཔེ་དེབ་བཀླགས་པས་རང་ཉིད་ལ་བསམ་བློ་གསར་པ་དང་ཐབས་བྱུས་གསར་པ་ལྷག་པར་དུ་མཉམ་མྱོང་གསར་པ་མང་པོ་ཞིག་ཕྱོགས་གཅིག་ཏུ་སྡོམ་པའི་ཤེས་རབ་ཀྱི་ཉིང་བཅུད་ཅིག་ཡིད་ཀྱི་ཞིང་ས་རུ་འབུས་པ་དང་གཉིས་སུ་ག་ལ་མཆིས།  ད་དུང་ང་ཚོས་བློ་སྟོབས་ཅན་གྱི་དཔའ་བོ་དང་ཤེས་རིག་བཀྲ་བའི་མཁས་དབང་།  མཉམ་མྱོང་ཅན་གྱི་རྒན་པོ་སོགས་མེས་པོ་དུ་མ་ཞིག་གི་འདས་སོང་གི་བྱུང་བ་ཤེས་ཐུབ་ལ། རྒྱལ་ཁབ་དང་མི་རིགས་གང་ཞིག་གི་དར་རྒུད་ཀྱི་འབྱུང་རྩ་རྟོགས་ངེས་པ་མ་ཟད། འོད་སྣང་དང་དྲོད་འཁོལ་ལྡན་པའི་མ་འོངས་མདུན་ལམ་ཡངས་མོ་ཞིག་ཀྱང་མིག་མདུན་དུ་བསུ་ཐུབ། 
ང༽ རང་ཉིད་དངོས་ལ་འབྱུང་བའི་མྱོང་ཚོར།
བདག་ནི་སློབ་དུས་གོ་སྐབས་ཡོད་ཚད་ནོར་ཕྱུགས་ཀྱི་རྗེས་སུ་འཛད་པའི་ཤེས་མེད་ལོང་བ་ཞིག་ཡིན་ལ། བགྲང་བྱ་ཉེ་ཤུ་རུ་ཀ་ཁ་ངོ་ཤེས་པའི་ཁ་བའི་བུ་ཚ་ཞིག་ཀྱང་ཡིན།  རྒྱུ་མཚན་དེའི་ཕྱིར་ན། ངས་ཤེས་ཡོན་ལ་སློབ་སྐབས་སུ་སློབ་ཆུང་དང་སློབ་འབྲིང་བརྒྱུད་པའི་ནམ་དུས་ནི་གཏན་ནས་ཡལ་ཟིན་པས་ཡོད་ཚད་ཤོར་ཟིན་པའི་གཡུལ་སའི་མཁར་རྫོང་ལྟར་དུ་ལུས།  དུས་སྐབས་དེ་ཙམ་ན་ང་ལ་མཁོ་བ་ནི་ཆེས་ཤེས་སླ་ལ།  དུས་འགྲོ་ཆུང་བའི་ཐབས་ལམ་ཉག་ཅིག་རེད་ལ། དེ་ནི་དཔེ་དེབ་དང་གྲོགས་འདྲིས་བྱེད་རྒྱུ་ཁོ་ན་མ་གཏོགས་གཞན་གང་ཡང་མ་བརྙེད།  ཡིན་ན་ཡང།  ངས་ཐོག་མར་བཀླགས་པའི་དཔེ་དེབ་ནི་སྣང་ས་འོད་འབུམ་གྱི་རྣམ་ཐར་དང་རྨོ་རྨོ་འདོད་རྔམ་ཅན་གྱི་སྒྲུང་སོགས་གོ་བདེ་ལ་ཆོབ་ཚ་བའི་རྩོམ་ཡིག་དེ་དག་ཡིན་ལ།  ཐེག་པ་རིམ་འཛེགས་ཀྱི་སྤང་རྒྱན་མེ་ཏོག་དང་རྩོམ་རིག་སྒྱུ་རྩལ་ནི་ང་ལ་ཆེས་དུང་བའི་གྲོགས་སུ་འགྱུར།  ངང་རྒྱུན་རིང་ལ་སྙན་འཇེབས་ལྡན་པའི་གྲོགས་མཆོག་དེ་དག་གིས་བདག་གི་ཁེར་རྐྱང་གི་འཚོ་བ་ལ་དྲོ་སྐྱིད་སྦྱིན་བྱུང་ལ།  མུན་ནག་གི་འཇིག་རྟེན་ལ་སྣང་གསལ་གྱི་འོད་སྣང་སྩལ།  རྒྱུ་མཚན་དེའི་དབང་གིས་ངའི་ཡིད་ཀྱི་ཁ་ལོ་བརྩམས་སྒྲུང་གི་ཕྱོགས་སུ་གྱུར་ཏེ་བོད་ཀྱི་བརྩམས་སྒྲུང་རིང་གྲས་གཙུག་གཡུ་དང་ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག  དྲེལ་པའི་མི་ཚེ།  སད་ཀྱིས་བཅོམ་པའི་མེ་ཏོག  མུན་ནག་གི་འཇིག་རྟེན།  མི་མངོན་པའི་འཆིང་ཐག  བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་བཅས་དང་དེ་མིན་འབའ་བ་ཕུན་དབང་གི་ལོ་རྒྱུས་དང་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་སོགས་བཀླགས་རྗེས།  དག་ཆ་དང་ཚིག་སྦྱོར་ཉིན་རེ་བཞིན་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་ཚོར་བ་སྟེར་བྱུང་ལ།  བོད་ཀྱི་སྤྱི་ཚོགས་གསར་རྙིང་གི་གནས་བབ་དང་ལོ་རྒྱུས་དུ་མ་ཞིག་ལ་ཡང་ངེས་ཤེས་བརྙེད་བྱུང་།  དེའི་ཕྱིར་ན་ངས་དཔེ་ཀློག་གི་དགེ་མཚན་ཞེས་པ་འདི་འབྲི་འདོད་བྱུང་།  ཡིན་ན་ཡང་དགེ་མཚན་དེ་དག་དང་མཉམ་དུ་ལྟས་ངན་པའི་སྣ་ནག་མ་ཞིག་ཀྱང་ཕྲད་སྲིད་པས།  ང་ཚོས་དཔེ་དེབ་ཀློག་པའི་ཁ་ཕྱོགས་མ་ནོར་བ་བྱས་ཏེ་མ་བཀླག་ན་ལྟ་ངན་ལོག་ལམ་དུ་མ་ཞིག་ཀྱང་དཔེ་དེབ་དང་སྦྲགས་ནས་ཡོང་གི་ཡོད་པ་ཡང་བློ་ངོར་ངེས་དགོས།
དཔེ་དེབ་ཆུ་གཏེར་བརྒལ་བའི་གྲུ་ཆེན་ཡིན།།
དཔེ་དེབ་དགུང་སྔོན་བརྟོལ་བའི་འདབ་གཤོག་ཡིན།།
དཔེ་དེབ་རྨོངས་མུན་སེལ་བའི་སྒྲོན་མེ་ཡིན།།
དཔེ་དེབ་མཛའ་བཤེས་ཁྲོད་དུ་བླ་ན་མཐོ།།