སུད་སིརབོདམིའི་བྱིས་པའི་ཕ་སྐད་འགྲན་སྡུར།
ཟླ་འདིའི་ཚེས་༡ཉིན་གྱི་སུད་སིའི་མངའ་སྡེ་སངྒ་ལེན་ས་གནས་ཚོགས་ཆུང་བོད་ཡིག་སློབ་གྲྭའི་གོ་སྒྲིག་འོགསུད་སིའི་ས་གནས་བོད་ཡིག་སློབ་གྲྭ་ཁག་གི་སློབ་ཕྲུག་གང་མང་ཉམས་ཞུགས་ཀྱིས་སུད་སི་རྒྱལ་ཡོངས་བོད་རིིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་སྐབས་དང་པོ་ཞེས་པའི་ཕ་སྐད་འགྲན་བསྡུར་ཀྱི་མཛད་རིམ་རྒྱས་པ་ཞིག་འཚོགས་སོང་།
ཕྱི་ཟླ་༡༡ པའི་ཚེས་༣༠ ཉིན་གྱི་ཉིན་སུད་སི་ས་གནས་ཨོ་ཙི་ཝེལ་ནང་སུད་སི་རྒྱལ་ཡོངས་བོད་རིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་སྡུར་གྱི་ལས་འགུལ་ཞིག་སྤེལ་སོང་ལ།ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་ནི།སུད་སི་གཙོས་པའི་ཡོ་རོབ་ཡུལ་གྲུ་ཁག་གི་བོད་རིགས་འདུས་སྡོད་བྱེད་ཡུལ་ནང་བོད་ཀྱི་སྐད་ཡིག་དར་སྤེལ་དང་། རྒྱུན་འཛིན་སྲུང་སྐྱོབ་ཡོང་ཆེད་དུ་མ་འོངས་བོད་ཀྱི་སོན་རྩར་གྱུར་པའི་ན་ཆུང་བྱིས་པ་རྣམས་ལ་བོད་ཀྱི་སྐད་ཡིག་དང་ངོ་བོ་སྲུང་སྐྱོབ་ཀྱི་འདུ་ཤེས་གོང་མཐོར་ཡོང་རྒྱུར་ཆེད་དུ་སྤེལ་བ་ཞིག་ཡིན་འདུག
འགྲན་བསྡུར་འདིར་ཆེད་དུ་གཟུ་དཔང་བ་གསུམ་གདན་འདྲེན་གནང་ཡོད་པ་དང་།གཟུ་དཔང་པ་གསུམ་ནི། སུད་སི་ནས་ཕེབས་པའི་ཡོ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ། ཧྥ་རན་སི་ནས་ཕེབས་པ་མདོ་སྨད་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས། སུད་སི་ནས་ཕེབས་པ་དགེ་དཀོན་མཆོག་བཅས་ཡིན་པ་རེད།

ཐེངས་འདིའི་ལས་འགུལ་གོ་སྒྲིག་པ་དཀོན་མཆོག་བཀྲ་ཤིས་ཀྱིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་སྐབས། ང་ཚོའི་བོད་ཀྱི་འཐབ་རྩོད་གནང་སྟངས་ནི་སྐད་འབོད་ཙམ་གཅིག་པུ་མ་རེད། མི་རིགས་ཤིག་གི་འཐབ་རྩོད་བྱེད་སྟངས་ལ་སྒྱུ་རྩལ་གྱི་ཕྱོགས་ནས་དང་། རྩོམ་འབྲི། རི་མོ། རོལ་མོ་སོགས་ཀྱི་ངོས་ནས་འཐབ་རྩོད་བྱེད་སྟངས་ཡོད་ལ། བོད་མི་རིགས་ཀྱི་རྩ་བའི་འཐབ་རྩོད་ཀྱི་གཞི་བཅོལ་ས་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་དེ་ཡིན་སྟབས། སྐད་ཡིག་སྲུང་སྐྱོབ་ནི་འཐབ་རྩོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན།ཞེས་དང་། ང་ཚོ་རང་དབང་ལུང་པར་གནས་པའི་བོད་པ་ཚོས་སྒྲུབ་ཐུབ་པ་མང་པོ་ཞིག་སྒྲུབ་ཀྱི་མེད་པ་དང་། སྒྲུབ་མི་ཐུབ་པ་མང་པོ་ཞིག་སྒྲུབ་ཀྱི་ཡོད་པ་འདི་ནི་རྩ་བའི་ནོར་འཁྲུལ་ཞིག་རེད། ང་ཚོ་ཕྱི་རྒྱལ་ལུང་བར་གནས་པའི་བོད་པ་ཚོ་དཔལ་འབྱོར་གྱི་ངོས་ནས་བརྗོད་ན། ང་ཚོ་ནི་ཕྱི་རྒྱལ་བ་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྗེས་ཟིན་ཀྱི་མེད་ལ། ཁ་ཕྱིར་འཁོར་ནས་ང་ཚོའི་བོད་པའི་གྲས་སུ་ཡང་མི་ཚུད་པ་ཞིག་ཆགས་ཀྱི་ཡོད།དེ་བས་ང་ཚོ་མི་སྒེར་སུས་ཀྱང་སྒྲུབ་ཐུབ་པ་དང་འཇོན་ཐུབ་པ་དཔེར་ན། སོ་སོའི་བྱིས་པ་ལ་བོད་སྐད་བཤད་པ་དང་། སོ་སོ་རང་ཉིད་ཀྱིས་བོད་དོན་ལ་དོ་སྣང་སྤྲོད་རྒྱུ་བཅས་ཕར་བཞག་ནས། བོད་དོན་འཐབ་རྩོད་བྱེད་དགོས་ན་སྐད་འབོད་ཙམ་གཅིག་པུ་ཡིན་པའི་འདུ་ཤེས་འཁུར་སྟངས་འདི་ཏན་ཏན་བསམ་བློ་གཏོང་དགོས་ས་ཞིག་རེད། མ་འོངས་པར་ཕ་སྐད་གཙང་མའི་འགྲན་སྡུར་འདི་བཞིན་ཡོ་རོབ་སྤྱིའི་ནང་གི་བོད་རིགས་ན་ཆུས་བྱིས་པ་རྣམས་ཀྱི་ཕ་སྐད་་གཙང་མའི་འགྲན་སྡུར་ཞིག་གི་ངོ་བོར་འཕེལ་རྒྱས་སུ་འགྲོ་བའི་རེ་བ་ཡོད།ཅེས་སོགས་གསུངས་སོང་།
ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་སྡུར་གྱི་ལས་འགུལ་འདིར་རི་ཀོང་མཁན་རིན་པོ་ཆེ་མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་དང་། སྤྱི་ཟུར། དེ་བཞིན་སུད་སི་དང་། ལེཀ་ཏེན་སིཊཡན་བོད་མི་མང་གི་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བཅས་ཀྱིས་གཙོས་པའི་མི་མང་གྲངས་བརྒྱ་ལྷག་མཉམ་འཛོམས་བྱུང་ཡོད་པ་དང་། ཁྱོན་བསྡོམས་སློབ་ཕྲུག་གྲངས་བཅུ་གཉིས་འགྲན་ཞུགས་འདུག སློབ་ཕྲུག་དེ་རྣམས་ནི་གོང་བརྗོད་སློབ་གྲྭ་ཁག་ནས་བདམས་ཐོན་ཀྱིས་འཛུལ་ཞུགས་གནང་བ་རྐྱང་ཡིན་འདུག་ཅིང་།

འགྲན་སྡུར་ཁྲོད་གཟུ་དཔང་པ་གསུམ་གྱིས་ན་ཆུང་འགྲན་ཞུགས་པ་རྣམས་ཀྱིས་བོད་སྐད་བཤད་སྟངས་དང་། སྒྲ་གདངས། བརྗོད་གཞི་བཅས་གསུམ་གྱི་ཐོག་སྐར་གྲངས་བརྒྱབ་སྟེ། མཐའ་མའི་སྐར་གྲངས་ཀྱི་བསྡོམས་རྩིས་ལྟར་བྱ་དགའ་ཨང་དང་པོ་ལ་སུད་སྒོར་༥༠༠ དང་།གཉིས་པ་ལ༣༠༠། གསུམ་པ་ལ་སུད་སྒོར༢༠༠ བཅས་རིམ་པ་གསུམ་གྱི་བྱ་དགའི་གསོལ་རས་གནང་སོང་།
བྱ་དགའ་ཨང་དང་པོ་ཐོབ་མཁན་ནི་སངྒ་ལེན་སློབ་གྲྭའི་སློབ་མ་བསྟན་འཛིན་བཟང་མོ་དང་། ཨང་གཉིས་པ་ཐོབ་མཁན་ཧོར་གྷན་སློབ་གྲྭའི་སློབ་མ་བསྟན་འཛིན་འཆི་མེད། ཨང་གསུམ་པ་ཐོབ་མཁན་སོ་ལོ་ཐོན་སློབ་གྲྭའི་སློབ་མ་ངག་དབང་ཆོས་སྐྱིད་བཅས་ཡིན་པ་རེད།།
གནས་ཚུལ་ས་གནས་ནས་ཕུན་ཚོགས་ཀྱིས་མཁོ་གཏོང་བྱས།
