ཆུ་སྒང་གི་བསྔོ་སྨོན་མཆོད་འབུལ་གྱི་ལས་འགུལ།
༧གོང་ས་མཆོག་ཆིབས་བསྒྱུར་དང་སྟབས་བསྟུན་ནས། ཟླ་འདིའི་ཚེས་༣ ཉིན་ནས་འགོ་འཛུགས་ཀྱི་ཕྱི་ཚེ་༡༥ བར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཁང་དང་མོན་གྷོ་ས་གནས་རྒྱུན་ལས་ཐུན་མོང་གི་གོ་སྒྲིག་འོག ཕྱི་ལོ་༡༩༥༩ ནས་ད་ལྟའི་བར་བོད་བསྟན་སྲིད་དང་མི་རིགས་བཅས་ཀྱི་སླད་དུ།
རང་གིས་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ། རྒྱ་ནག་དམར་པོའི་ཁྲག་དྲི་བྲོ་བའི་སྲིད་ཟུས་ལ་ངོ་རྒོལ་གྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་ཆེད་དུ་མཆོད་འབུལ་སྨོན་ལམ་རྒྱ་ཆེན་གྱི་ལས་འགུལ་ཞིག་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་ཆོས་རྭའི་ཉེ་འཁྲུས་སུ་སྤེལ་བཞིན་ཡོད་པ་རེད།
མཆོད་འབུལ་སྨོན་ལམ་གྱི་ལས་འགུལ་དེ་ལྟར་སྤེལ་དགོས་པའི་དམིགས་ཡུལ་སྐོར་ལ་མདོ་ཁམས་ཆུ་སྒང་དབུས་རྒྱུན་དགེ་བཤེས་ངག་དབང་གིས་འགྲེལ་བརྗོད་གནང་དོན། མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་༤༢ ཞེ་གཉིས་པ་འཚོགས་སྐབས་བོད་དོན་ལས་འགུལ་གང་མང་སྤེལ་དགོས་པའི་གྲོས་ཆོད་བཞག་ཡོད་པ་རེད། དེ་བཞིན་ང་ཚོ་རྒྱུན་ལས་ལྷན་ཚོགས་ཐེངས་དྲུག་པའི་ཐོག མོན་གྷོ་ས་གནས་སུ་༧གོང་ས་མཆོག་ཆིབས་བསྒྱུར་གྱི་སྐབས་དང་སྟབས་དང་བསྟུན་ནས། ལས་འགུ་འདི་ལྟར་སྤེལ་དགོས་པ་གཏན་འབེབས་བྱས་པ་ཡིན། སྤྱིར་བཏང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ས་གཉིས་ཀྱི་ངོས་ནས་བོད་བསྟན་སྲིད་ཆེད་ལས་འགུལ་མང་པོ་ཞིག་རིམ་པའི་སྤེལ་བསྡད་ཡོད་པ་རེད་ལ། དེ་རིང་གི་ལས་འགུལ་འདི་ནི་དེའི་ཆ་ཤས་ཤིག་རེད་ཅེས་འགྲེལ་བརྗོད་གནང་སོང་།
མོན་གྷོ་གསར་འགོད་པས།
