སྨར་ཁམས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཡོངས་ཁྱབ་གསལ་བསྒྲགས།
༄༅། །མཁྱེན་གཞེན་མཆོག་ཏུ་ཡངས་པའི་བཀུར་འོས་སྨར་ཁམས་པའི་རིགས་སུ་གཏོགས་པའི་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ་གསོལ་རྒྱུར།
ཚང་མས་ལམ་ཙམ་མཁྱེན་གསལ་ལྟར། འདས་པའི་ལོ་ཤས་གོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་དོལ་རྒྱལ་བསྟེན་གསོལ་མི་བྱེད་པའི་སྤང་བླང་ཞུ་ཕྱོགས་སྐོར།
སྨར་ཁམས་པའི་ནང་དུ་སྤྱི་ཡོངས་ཆ་ནས་ས་དགེ་བཀའ་རྙིང་དང་ཡེ་ཤུ་བཅས་ཀྱི་དགོན་སྡེ་ ༥༦ ལྷག་དང་ཆོས་སྒར་རི་ཁྲོད་སོགས་བཅུ་གྲངས་ཤིག་ཡོད་པ་ནས་ཕྱི་ལོ་ ༢༠༠༨ བར་རྒྱ་གཞུང་གི་མི་འབོར་ཞིབ་བཤེར་གྱི་གྲངས་འབོར་གཞིར་བཟུང་ལྟར་ན། སེར་སྐྱ་ཁྱོ་དམན་མི་གྲངས་༨༧༠༠༠། བརྒྱད་ཁྲི་བདུན་སྟོང་ལྷག་ཡོད་ཁོངས་ནས་ལུང་ཚན་དང་དགོན་ཆུང་རེ་ཟུང་གི་འགོ་བྱེད་དག་གིས་རང་དོན་ཁེ་སྒྲུབ་ཀྱིས་རྒྱ་གཞུང་ལ་ངོ་དགའ་འཁྲབ་སྟེ་དོལ་རྒྱལ་བསྟེན་གསོལ་བྱེད་དགོས་པའི་བརྒྱུད་བསྐུལ་དྲིལ་བསྒྲགས་བྱས་པར་མ་ཟད། གཤམ་འོག་གི་མི་དམངས་ལ་ཚ་འཇམ་གཉིས་ཐོག་ནས་ཁོང་ཚོའི་བྱེད་སྒོ་ཁག་ལ་ཚོགས་འཛོམས་མཉམ་ཞུགས་དགོས་པའི་བསུན་གཙེར་གནོན་ཤུགས་སྤྲད་དང་སྤྲོད་བཞིན་པ་དེ་ནི་བརྒྱ་ཆ་བརྒྱ་ནས་བརྒྱ་ཆ་གཅིག་ཙམ་ལས་མེད་ཅིང་། ཁོ་པ་ཚོའི་ནང་ནས་བྱེད་གཏེ་རྐང་འཛིན་པ་རེ་ཟུང་གི་རྗེས་འབྲངས་པ་འགའ་ཤས་ལས་མེད་པ་གསལ་པོ་ཡིན། འོན་ཀྱང་སྔར་ལོའི་དུས་དབང་སྐབས་དང་དེ་གོང་བཅས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨར་ཁམས་བའི་ནང་དུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོས་སྤང་བླང་ཞུ་ཕྱོགས་མ་འཛོལ་བ་དགོས་པའི་གལ་འགངས་ཆེ་བའི་བཀའ་སློབ་སྔ་རྗེས་སྤྱི་ཕེབས་བྱུང་བ་བཅས་ལ། གུས་འབངས་ཚོས་གོ་མེད་ཚོར་མེད་དུ་འཇོག་བློས་གཏན་ནས་མ་བཟོད་སྟབས་བར་ལམ་སྐྱབས་རྗེ་བླ་སྤྲུལ་རྣམ་པས་དབུས་གནད་ཡོད་མི་སྣ་ཁག་ཅིག་ལ་གཅིག་ལ་གཉིས་བརྒྱུད་ཀྱིས་བསམ་ཞིབ་གོ་བསྡུར་ཡང་ནན་ཞུས་རྗེས་སུ་ཚང་མ་བསམ་གྲོས་གཅིག་མཐུན་བྱུང་དོན། ད་ལམ་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་བལ་འབྲུག་གསུམ་བོད་ནང་བཅས་སྨར་ཁམས་བ་སྤྱི་ཡོངས་ནས་འཆར་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་གསེང་དང་དུས་ཚེས་བཟང་འཁེལ་ཞིག་དང་སྐབས་བསྟུན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ལ་སྨར་ཁམས་བ་ཁམས་གཙང་གིས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་དང་འབྲེལ་སླད་ཕྱིན་དོལ་རྒྱལ་བསྟེན་གསོལ་མི་བྱེད་པའི་དམ་བཅའ་སླར་ཡང་འབུལ་རྒྱུ་དང་ཆབས་ཅིག གཞིས་བྱེས་གཉིས་སུ་བསྟེན་གསོལ་བྱེད་མཁན་རེ་ཟུང་དག་ལ། མཚམས་འཇོག་དགོས་པའི་ཐབས་ལམ་གང་དྲག་གིས་སྤང་བླང་ཞུ་སྒོ་མ་ནོར་བ་དགོས་རྒྱུའི་འབོད་བསྐུལ་ནན་པོ་བྱ་རྒྱུ་དང་། ཅི་སྟེ་ལམ་ནོར་ལྡོག་ཤེས་མི་བྱེད་མཁན་ལ་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་རྒྱུའི་ཐག་གཅོད་གཙང་མ་བྱུང་དོན་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་མཚན་འཁོད་༸སྙན་སེང་ཞུས་པར་བཀའ་བཞེས་བཟང་པོ་སྤྱི་བོའི་མཛེས་རྒྱན་དམ་པར་བསྩལ་ཐོབ་བྱུང་བར་བརྟེན་དེ་གོང་དྲ་ཐོག་ནས་ཚོགས་མི་ཡོང་ཁུངས་གསལ་བརྡ་ཕུལ་དོན་ལྟར། རིས་མེད་ཆོས་བརྒྱུད་ཁག་དང་དགོན་སྡེ་གྲྭ་ཚང་། གྲྭ་སའི་ཁམས་ཚན་ཁག་དང་ཨ་རི་དང་ཡུ་རོབ་ཤར་ནུབ། རྒྱ་བལ་འབྲུག་གསུམ་བཅས་ས་གནས་དང་ལུང་ཚན་སོ་སོའི་འཐུས་མི་རེ་བཅས་ད་ལམ་མོན་གྷོ་གྲགས་པ་ཁམས་ཚན་དུ་ཚོགས་བཅར་གནང་ཐུབ་མཁན་ཕུད་དེ་བྱིངས་ཀྱི་མཚན་ཐོ་དང་འབྲེལ་མཐུད་ཁ་བྱང་དང་ཞལ་པར་ཨང་། མྱུར་འཕྲིན་ཞལ་བྱང་བཅས་འཆར་ལོའི་ཕྱི་ཟླ་ ༡ ཚེས་ ༣༠ འགྱངས་མེད་འདི་གའི་དབུས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་གཤམ་གསལ་ཁ་བྱང་ཐོག་ངེས་པར་འབྲེལ་མཐུད་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས།
འབྲེལ་བ་གནང་ཡུལ།
ངོ་དེབ། www.facebook.com/markham.wa
མྱུར་འཕྲིན། markhamwa@gmail.com
སྨར་ཁམས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༢ ཚེས་ ༣ ལ།།