རྒྱ་གཞུང་གིས་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་གཏོང་བཞིན་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་སྐུ་ཚབ་ཀྱིས། “རྒྱ་ནག་གཞུང་གིས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་ཀྱི་སྐད་ཡིག དེ་བཞིན་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་དམའ་འབེབས་དང་ཁྱད་གསོད་བྱས་པ་དེས་གནས་སྟངས་དེ་བས་ཛ་དྲག་ཆེ་རུ་གཏོང་བཞིན་འདུག་ཅེས་”གསུངས་འདུག

ཟླ་འདིའི་ཚེས་༡༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་ཞིག་གོ་སྒྲིག་ གནང་སྐབས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་མ་རི་ཡཱ་ཨོ་ཏེ་རོ་མགྲོན་འབོད་ཞུས་ཀྱང་། ཁོང་གི་གཅེན་པོ་གློ་བུར་འདས་གྲོངས་ཕྱིན་རྐྱེན་ལྷན་བཅར་ཐུབ་མེད། འོན་ཀྱང་ཁོང་གི་ཚབ་ཏུ་ལས་དྲུང་གཞོན་པ་སྐུ་ཞབས་ཌེ་ནེལ་བྷེར་གྱི་གསུང་འཕྲིན་ནང་ཡུ་རོབ་སྤྱི་མཐུན་ལ་བསྟོད་བསྔགས་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྡུག་གཏོང་བཞིན་ཡོད་སྐོར་འཁོད་དོན། “ང་ཚོས་ཨེ་ཤི་ཡེའི་ནང་བདེ་འཇགས་དང་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་ཡུ་རོབ་སྤྱི་མཐུན་ཚོགས་པར་མིག་དཔེ་ལྟ་བཞིན་ཡོད། དཔེར་ན། ཇར་མན་དང་དབྱིན་ཡུལ། སུད་སི། ཅེཀ་སྤྱི་མཐུན་རྒྱལ་ཁབ། པོ་ལན་ཌི་སོགས་ཐུན་མོང་གི་རྒྱ་ནག་གཞུང་ལ་བོད་རིགས་གནས་སྡོད་ས་ཁུལ་ཁག་ཏུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཡར་རྒྱས་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད། རྒྱ་ནག་གཞུང་གིས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་དམ་དྲག་མུ་མཐུད་བྱེད་བཞིན་པ་དང་། བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པ་དེར་ཨ་རིའི་གཞུང་ལ་སེམས་འཚབ་དང་བློ་ཕམ་ཧ་ཅང་ཆེན་པོ་ཡོད།”ཅེས་འཁོད་འདུག

གསུང་འཕྲིན་དེའི་རྒྱ་ནག་གཞུང་གིས་བོད་མི་མཐོང་ཆུང་གཏོང་གི་ཡོད་སྐོར་འཁོད་དོན། “བོད་ནང་དུ་བོད་མིས་ཛ་དྲག་གི་ལས་འགུལ་སྤེལ་བ་དེར་རྒྱ་ནག་གཞུང་གིས་སྔར་དམ་དྲག་ཡོད་བཞིན་པའི་ཁར་ཆོས་དད་དང་སྨྲ་བརྗོད། འདུ་འཛོམས་སོགས་ཀྱི་རང་དབང་ཐོག་དམ་དྲག་དེ་བས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་ཀྱི་སྐད་ཡིག དེ་བཞིན་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་དམའ་འབེབས་དང་ཁྱད་གསོད་བྱས་པ་དེས་གནས་སྟངས་དེ་བས་ཛ་དྲག་ཆེ་རུ་གཏོང་བཞིན་ཡོད། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་མིའི་ཐོག་འཛིན་བཞིན་པའི་སྲིད་བྱུད་དེར་བསྐྱར་ཞིབ་བྱེད་དགོས་པའི་རེ་འདུན་བསྟུད་མར་འདོན་བཞིན་ཡོད། སྲིད་བྱུས་དེ་དག་ལ་བརྟེན་ནས་རྒྱ་ནག་གཞུང་གིས་བོད་མིའི་དགོན་སྡེ་ཁག་ལ་ཐེ་བྱུས་བྱ་རྒྱུ་དང། ནང་ཆོས་སློབ་གཉེར་བྱ་རྒྱུར་དམ་དྲག དེ་བཞིན་བོད་སྐད་སློབ་གཉེར་བྱ་རྒྱུ་སོགས་ལ་དམ་དྲག་ཧ་ཅང་བྱེད་བཞིན་པ་མ་ཟད། བོད་མིའི་ཐོག་སོ་ལྟ་ཤུགས་ཆེ་བྱས་པ་དང། འཛིན་བཟུང་བཀག་ཉར་བྱས་པ། བོད་མི་གཞོན་སྐྱེས་དང་ཤེས་ལྡན་མི་སྣ། གནད་ཡོད་མི་སྣ་སོགས་གར་སོང་ཆ་མེད་དུ་གྱུར་བཞིན་ཡོད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་དང་འབྲེལ་ལམ་ཐོག་དམ་དྲག་ཤུགས་ཆེ་རུ་བཏང་སྟེ་ཞི་བའི་ཐོག་ནས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་བཞིན་པའི་བོད་མིའི་ཐོག་ དྲག་གནོན་བྱེད་བཞིན་ཡོད།”ཅེས་སོགས་འཁོད་ཡོད་པ་རེད།།