༧གོང་ས་མཆོག་ལ་བརྟན་བཞུགས།
ཟླ་འདིའི་ཚེས་༡༣ ཉིན་གྱི་སྔ་དྲོ་༧གོང་སྐྱབས་མགོན་ཆེན་པོ་མཆོག་ལ། རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་གྱི་སེར་སྐྱ་ཡོངས་དང་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ཐུན་མོང་གིས་མདོ་ལུགས་ཀྱི་སྒོ་ནས་བསྟན་ཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ལྷོ་ཕྱོགས་བོད་མིའི་སྤྱིི་ཁྱབ་པ་ཀརྨ་སེང་གེ་རྣམ་གཉིས་ནས་རིམ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ། ༧གོང་ས་མཆོག་གི་སྐུ་གསུང་ཐུགས་མི་གཤིགས་རྡོ་རྗེའི་ཁམས་སུ་བརྟན་པའི་གསོལ་འདེབས་ཞུས་གནང་བ་དང་འབྲེལ་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་ཁག་གསུང་འདོན་གནང་བ་སོགས་བརྟན་བཞུགས་བསྟར་འབུལ་ལེགས་པར་གྲུབ་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སེར་སྐྱ་མི་མང་ལ་ཐེངས་འདིའི་གསུང་ཆོས་དང་འབྲེལ་བའི་བཀའ་སློབ་གནང་དོན། ངོས་ཉིད་འབྲས་སྤུངས་ཀྱི་བླ་མ་ཞིག་ཡིན་པའི་ཆ་ནས་ཐེངས་འདིའི་ཆོས་འབྲེལ་ཚན་པ་གཅིག་ལེགས་པར་གྲུབ་པའི་མཇུག་དུ་བརྟན་བཞུགས་གནང་བ་སོགས་གང་ཅིའི་ཆ་ནས། རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞིག་ཆགས་བསྡད་ཡོད་རེད། ཁྱེད་རང་ཚོ་ཚང་མས་ཐུགས་སྨོན་སྐྱབས་མཇུགས་གནང་རོགས་གནང་། ངས་ངོས་ནས་ཆ་ན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་འབྲས་སྤུངས་སུ་ཕེབས་པ་ནས་བཟུང་དཔལ་ལྡན་འབྲས་དཀར་སྤུངས་པ་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་ཅེས་གསུངས་ཡོད་པ་རེད། ང་ཡང་དེའི་སྐྱེས་ཕྲེང་ཞིག་རེད། དེ་འདྲ་ཡིན་དུས་དེ་རིང་གསུང་ཆོས་ཉིན་མཐའ་མར་ཁྱེད་རང་ཚོས་བརྟན་བཞུགས་ཕུལ་པ་རེད། ངས་ཀྱང་སྨོན་ལམ་རྒྱབ་པའི་གོ་སྐབས་བྱུང་། ཚང་མར་ཐུགས་རྗེ་ཆེ་ཞེས་སོགས་བཀའ་སློབ་གནང་སོང་།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གྲངས་༡༥ རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་བཀའ་བཀའ་དྲིན་བསྩལ་གནང་བ་སོགས་ཆོས་ཕྱོགས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་གནང་ཡོད་པ་རེད།
༧གོང་ས་མཆོག་ཕྱི་ཟླ་༡༡ པའི་ཚེས་༢༩ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི། འབྲས་སྤུངས་བླ་སྤྱིར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཕྱི་ཟླ་༡༡ པའི་ཚེས་༣༠ ཉིན་ནས་རྗེ་རིན་པོ་ཆེས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་དབུ་འཛུགས་ཀྱི་ཟླ་འདིའི་ཚེས་༥་བར་དགའ་ལྡན་བྱང་རྩེ་གྲྭ་ཚང་དང་། ཟླ་འདིའི་ཚེས་༦་ནས་༡༡ བར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་མུ་མཐུད་བཀའ་ཁྲིད་གནང་ནས་ཉིན་འདིར་ལམ་རིམ་ཆེ་ཆུང་གཉིས་ཀྱི་བཀའ་ཁྲིད་ཡོངས་སུ་མཇུག་སྒྲིལ་ཡོད་པ་རེད།
ཉིན་འདིའི་ཉིན་རྒྱབ་གདན་ས་ཁག་གི་མཁན་ལས་ཟུར་དང་དཔེ་ཁྲིད་དགེ་རྒན་སོགས་གནད་ཡོད་མི་སྣ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་གྲུབ་པ་དང་། ཕྱི་རྒྱལ་ནས་ཆེད་དུ་གསུང་ཆོས་ཞུ་རུ་ཡོང་མཁན་ཁག་ཅིག་ལ་ཡང་མཇལ་ཁ་གནང་ཡོད་པ་རེད།
ཕྱི་ཚེས་༡༢ ཉིན་གྱི་སྔ་དྲོ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ས་སྐྱ་དགོན་དང་དེ་རྗེས་མོན་གྷོ་གཏན་ཉིན་སློབ་གྲྭ་དང་མཐོ་ལྡིང་པདྨོ་ཚལ་དགོན་པ་བཅས་སུ་ཕེབས་ནས་བླངས་དོར་ལམ་སྟོན་གྱི་བཀའ་སློབ་བསྩལ་གནང་ཡོད་པ་རེད། གཞན་ཡང་༧གོང་ས་མཆོག་མོན་གྷོ་ས་གནས་སུ་བཞུགས་རིང་གདན་ས་དགའ་འབྲས་གཉིས་ཀྱི་གྲྭ་ཚང་ཁག་དང་དེ་བཞིན་རྭ་སྟོད་གྲྭ་ཚང་། རྙིང་མ་དགོན་པ་སོགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བླངས་དོར་གྱི་བཀའ་སློབ་བཀའ་དྲིན་ཡང་བསྩལ་གནང་ཡོད་པ་རེད།
ཟླ་འདིའི་ཚེས་༡༣ ཉིན་གྱི་སྔ་དྲོ་བརྟན་བཞུགས་བསྟར་འབུལ་སོགས་ཐེངས་འདིར་༧གོང་ས་མཆོག་ཆིབས་བསྒྱུར་གྱི་ལས་རིམ་ཡོངས་སུ་ལེགས་པར་གྲུབ་ནས་ཉིན་གུང་ཆུ་ཚོད་༡༢ ༣༠ ཕྱེད་ཐོག་༧གོང་ས་མཆོག་སྐུ་འཁོར་དང་བཅས། མོན་གྷོ་ས་གནས་དང་གཞན་ཆོས་ཞུར་བཅར་མཁན་སེར་སྐྱ་མི་མང་ཡོངས་ཀྱིས་དགའ་སྐྱོ་འདྲེས་མའི་ཕེབས་སྐྱེལ་ཁྲོད་མོན་གྷོ་འདོད་རྒུ་གླིང་ས་གནས་ནས་རྒོ་བ་ས་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་ཡོད་པ་རེད།
གཞན་ཡང་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་ནང་ནས་གཞན་རྣམས་ལོ་རྗེས་མར་སེ་ར་ཐེག་ཆེན་གླིང་དུ་གསུང་ཆོས་གནང་འཆར་ཡོད་འདུག །
མོན་གྷོ་གསར་འགོད་པས།