ཉི་ཧོང་གི་སྲིད་བློན་གསར་པར་བཀའ་སྤྱི་གཉིས་ནས་འཚམས་འཕྲིན།
གཟའ་ཉི་མའི་ཉིན་ཉི་ཧོང་རྒྱལ་ཡོངས་འོས་འདུའི་གྲུབ་འབྲས་གསལ་བསྒྲགས་སྐབས། ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་སླར་ཡང་སྲིད་བློན་དུ་འདེམས་ཐོན་བྱུང་བར། བོད་གཞུང་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་ནས་འཚམས་འཕྲིན་ཕུལ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་ ༡༧ རེས་གཟའ་ཟླ་བའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱི་མཚན་ཐོག་འཚམས་འཕྲིན་ཕུལ་བའི་ནང་འཁོད་དོན། རེས་གཟའ་ཉི་མའི་ཉིན་ཉི་ཧོང་རྒྱལ་ཡོངས་འོས་འདུའི་གྲུབ་འབྲས་གསལ་བསྒྲགས་སྐབས་སྐུ་ཉིད་མཆོག་གི་ཆབ་སྲིད་ཚོགས་པར་མང་མོས་རྒྱལ་ཁ་ཐོབ་པར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང། སྐུ་ཉིད་ཀྱིས་བོད་དོན་རྒྱབ་སྐྱོར་སྤྱི་དང་ལྷག་པར་འདི་ལོར་༧གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཆིབས་སྒྱུར་སྐབས་གདན་ཞུས་མཚོན་རྒྱབ་སྐྱོར་གྱི་ལངས་ཕྱོགས་བརྟན་པོ་བཟུང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོས་སྐུ་ཉིད་ལ་བྱ་བ་ལམ་ལྷོང་ཡོང་བའི་གསོལ་འདེབས་ཞུས་པ་དང་སྦྲགས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཐོག་གཉིས་སྨན་གྱི་ཐབས་ལམ་འཚོལ་བ་བརྒྱུད་བོད་ཀྱི་གནད་དོན་སེལ་རྒྱུར་སླར་ཡང་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་བཅས།།
སྲིད་སྐྱོང་བློ་བཟང་སེང་གེས་འཚམས་འཕྲིན་ནང་འཁོད་དོན། ངས་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རང་དབང་མང་གཙོ་ཚོགས་པའི་ ཚོགས་གཙོ་ (Liberal Democratic Party) སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་ཉི་ཧོང་གི་སྲིད་བློན་དུ་འདེམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ངས་ཉི་ཧོང་གཞུང་མང་གཉིས་ཀྱིས་བོད་མིའི་མང་གཙོ་དང་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་ལ་ཡུན་རིང་ཐོག་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
སྤྱིར་འདི་ལོའི་ཕྱི་ཟླ་ ༤ ནང་སྲིད་སྐྱོང་མཆོག་ཉི་ཧོང་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་སྐབས། སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་དང་ཐེངས་བཞི་མཇལ་འཕྲད་ཀྱིས་གསུང་མོལ་ལྷུག་པོ་བྱུང་ཡོད། དེ་ཡང་མཇལ་འཕྲད་སྐབས་སྐུ་ཞབས་ཨ་བྷེ་མཆོག་གིས་བོད་ཀྱི་གནད་དོན་ནི་ཉི་ཧོང་ནང་ཆབ་སྲིད་འདྲ་མིན་ཡོད་པ་ཚང་མས་གཅིག་གྱུར་ཐོག་རྒྱབ་སྐྱོར་བྱ་རྒྱུའི་གནད་དོན་ འགའ་ཤིག་ཡོད་ཁོངས་ནས་གཅིག་ཆགས་ཡོད་པ་དང། ཁོང་གིས་རང་ནུས་གང་ཐུབ་ཀྱིས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུར་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན། ཞེས་གསུངས་པ་མ་ཟད། ཕྱི་ཟླ་ ༡༡ ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཆིབས་སྒྱུར་སྐབས་སླར་ཡང་བོད་དོན་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་གནང་ཡོད། ཅེས་ཡོད་པ་རེད།།