ང་ཚོས་ཁ་ཚ་དགོས་གཏུགས་ཀྱིས་རྩོམ་རིག་གི་ལམ་ནས་ཁ་གཏད་གཅོག་དགོས།

bri jigmeསྤྱི་ཟུར་དགེ་བཤེས་མཁས་དབང་བེ་རི་འཇིགས་མེད་དབང་རྒྱལ་ལ་བོད་མིའི་རྩ་དོན་འཐབ་རྩོད་དང་འབྲེལ་བའི་སྐོར་གྱི་བཅར་འདྲི། དྲི་བ། ང་ཚོའི་རང་ལུས་མེར་སྲེག་གི་རྩ་དོན་འཐབ་རྩོད་འདི་འཛམ་གླིང་གི་མི་རིགས་གཞན་གྱི་རང་ལུས་མེར་སྲེག་གི་འཐབ་རྩོད་དང་བསྡུར་ན། རྒྱལ་སྤྱིའི་གསར་འགྱུར་གྱི་མཚམས་གང་ཞིག་ཏུ་སླེབས་ཡོད་པར་དགོངས་ཀྱི་ཡོད།

ལན། རྒྱལ་གཅེས་མེ་མཆོད་ཀྱི་ལས་འགུལ་འདིའི་དུས་ཡུན་དང་གྲངས་འབོར་ལ་ཁོག་རྩིས་ཤིག་བརྒྱབ་ན། ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཆེས་ཚད་མཐོའི་རང་བཞིན་ལྡན་པའི་ལས་འགུལ་ཞིག་ཡིན་པས། རྒྱལ་ཁབ་དང་མི་རིགས་གཞན་གྱི་རང་ལུས་མེར་སྲེག་གི་འཐབ་རྩོད་དང་བསྡུར་ཐབས་མེད་པའི་ཚོད་དུ་སླེབས་དགོས་ནའང་། ཚེ་བསོད་དབང་ཐང་དང་ཡུལ་དུས་གནས་བབ་གང་ཞིག་གི་རྐྱེན་པས། རྒྱལ་སྤྱིའི་གསར་འགྱུར་ཐོག་མཛོ་མོའི་ཚོད་ཀྱི་འོ་མ་མ་བྱུང་བའི་དཔེ་རང་དུ་ཆགས་ཡོད། ཡིན་ནའང་ཡོངས་གྲགས་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་རང་བཞིན་གྱི་གནས་བབས་ཚད་མཐོར་སླེབས་མིན་ལ་མ་ལྟོས་པར། གསེར་ས་འོག་དང་འོད་ནམ་མཁའི་དཔེ་ལྟར། ད་ལྟའི་ཆར་འཛམ་གླིང་ཤར་ནུབ་ཀྱི་སྲིད་དོན་པ་དང་གནད་ཡོད་མི་སྣ་ཕལ་ཆེ་བའི་སེམས་ངོ་ལ་ཚོར་སྣང་གི་མེ་རླབས་དང་། གདུང་སེམས་ཀྱི་ཆུ་རླབས་འཕྱོ་ས་ཆེ་ཤོས་དེ་ཆགས་སྡོད་ཡོད་པ་རེད་དྲན་གྱི་ཡོད།

དྲི་བ། མི་རིགས་ཤིག་གི་རྩ་དོན་འཐབ་རྩོད་ལ་མེད་དུ་མི་རུང་བའི་ཐབས་ལམ་གང་དགོས་ཀྱི་ཡོད་རེད།
ལན། མི་རིགས་ཤིག་གི་འཐབ་རྩོད་ལ་མེད་མི་རུང་བའི་ཐབས་ལམ་གལ་ཆེ་ཤོས་དེ། མི་རིགས་རང་ཉིད་ཀྱི་ནང་ཁུལ་ལ་མཐུན་ལམ་བརྟན་པོ་ལྡན་པ་དང་གཅིག རྩ་དོན་དང་དམིགས་ཡུལ་གཅིག་ལ་ལག་པ་མཉམ་འཆང་བྱེད་པ་དང་གཉིས། དུས་ཐོག་ཆར་པ་དང་རྣག་ཐོག་གཙག་ཁེལ་གྱི་འཐབ་རྩོད་རྒྱུན་འཁྱོངས་ཐུབ་པ་དང་གསུམ་འདི། མི་རིགས་ཤིག་གི་རྩ་དོན་རྩོད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་ཡིན་ཟེར་ན་ཆོག རང་རེའི་མི་རིགས་འདི་ལ་ཆ་རྐྱེན་གསུམ་པོ་དེ་ཚང་གི་འདུག་ཟེར་ནའང་ཆོག་ལ། ཚང་གི་མི་འདུག་ཟེར་ནའང་ཆོག་པ་སྙམ་སྟེ། དེ་ངས་འགྲེལ་བརྗོད་མ་བྱས་ནའང་བཅར་འདྲི་བ་ཉིད་ཀྱིས་མཁྱེན་རྒྱུ་རེད་སྙམ།

དྲི་བ། རྩོམ་པ་པོ་ནི་མི་རིགས་གང་ཞིག་གི་འདས་མ་ད་གསུམ་གྱི་ལམ་སྟོན་པ་ཡིན་ཞེས་བཤད་པ་ལྟར། ཁྱེད་རང་རྩོམ་པ་པོ་ཞིག་ཡིན་པའི་ངོས་ནས་ད་ལྟའི་དུས་ཚོད་འདིར་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་ཚོས། སོ་སོའི་མི་རིགས་ཀྱི་འཐབ་རྩོད་འདི་ལ་ལམ་ཁྲིད་ཚད་ལྡན་ཞིག་བྱེད་རན་འདུག་པར་དགོངས་ཀྱི་ཡོད་དམ།
bru_jigmeeལན། མི་རིགས་འདིའི་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ན་ཨ་རི་སོགས་རང་དབང་དང་ཡར་རྒྱས་ཀྱི་མཐའ་ལ་འཛེགས་པའི་རྩོམ་པ་པོ་ཚོ་དང་མི་འདྲ་བར། སྒྱུ་རྩལ་གྱི་མཛེས་དཔྱོད་ཀྱི་ནུས་པ་གང་ཡོད་པ་དེ། རྩི་ཤིང་རི་བྲག་དང་འདོད་བརྩེའི་འཁྲུལ་སྣང་ལ་བེད་སྤྱོད་གཏོང་རྒྱུའི་ཚབ་ཏུ། རང་ནུས་ཡོད་ཚོད་བཏོན་ནས་མི་རིགས་ཀྱི་རྩ་དོན་དང་། ལངས་ཕྱོགས་བརྟན་སྲུང་དང་དྲན་སྐུལ་ལ་འབད་པའི་དུས་ལ་སླེབས་ཡོད། ཡིན་ནའང་བོད་རིགས་ནང་ཁུལ་གུང་ཁྲན་གྱི་བཀའ་དྲིན་ལ་བརྟེན་ནས་གཞོམ་གཞིགས་མི་ནུས་པའི་མི་རིགས་ཀྱི་ལངས་ཕྱོགས་དང་མཐུན་ལམ་ཉིན་རེ་ནས་ཉིན་རེར་ཇེ་བརྟན་དུ་འགྲོ་བཞིན་པའི་སྐབས་འདིར། ཉི་འོད་ལ་ཞུན་མར་གྱི་རམ་འདེགས་མེད་ནའང་འགྲིག་པའི་ཚོད་དུ་སླེབས་ཡོད་པས། དེ་བས་ང་ཚོས་ཁ་ཚ་དགོས་གཏུགས་ཀྱིས་རྩོམ་རིག་གི་ལམ་ནས་ཁ་གཏད་གཅོག་དགོས་པ་ཞིག་ནི། གུང་ཁྲན་གྱིས་སྐད་ཡིག་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་འཛམ་གླིང་ཤར་ནུབ་གང་སར། གནས་ལུགས་དང་གཞི་རྩ་མེད་པའི་བསྒྲགས་གཏམ་དང་རྫུན་གཏམ་གྱི་དཔེ་དེབ་ཆེ་ཆུང་སྣ་ཚོགས་རླུང་རླབས་ལྟར་གཡོ་ཞིང་ཆུ་རླབས་བཞིན་བསྐྱོད་པའི་སྐབས་ཡིན་པས། དེས་བོད་རྒྱའི་གནས་ལུགས་དངོས་ཡོད་ལ་ཚད་འཇལ་བྱེད་འདོད་ཡོད་པའི་མི་སྣ་མི་ཉུང་བ་ཞིག་གི་སྤྱན་སྔར་སྒྲིབ་གཡོག་དང་གོམ་སྣེར་བཀག་རྡོ་བཞིན་ཆགས་བཞིན་ཡོད་ན། སྒྲིབ་གཡོག་དབྲལ་བ་དང་བཀག་རྡོ་གཏོར་བ་ལ་སྐད་ཡིག་གཞན་དང་གཞན་གྱི་ཐོག་ནས། གནས་ལུགས་ར་འཕྲོད་འཕེར་བའི་ཆེད་རྩོམ་གང་ནུས་སྤེལ་རྒྱུ་དེ་རྒྱ་མཚོའི་རླབས་བཞིན་དུས་ལ་འཁེལ་བའི་གནས་ལུགས་དེ། ཕྱི་གླིང་གང་སར་ཐེངས་མང་སོང་བའི་རྒྱུད་རིམ་ནས་གསལ་གསལ་ཏིག་ཏིག་ཤེས་ཀྱི་ཡོད།
བོད་ཁྱིམ་གྱི་ཀྲིང་མོག་འོག་ནས་འཚར་བའི་བོད་ཀྱི་སོན་རྩ་ཚོར་དབྱིན་བོད་ཀྱི་རྐང་པ་གཉིས་ཀར་གལ་གནད་ཆེ་བའི་རྩ་ཕྲན་རེ་མི་ཚང་བས། ལམ་ཆེན་འདིའི་ཐོག་གོམ་སྟབས་བདེ་པོས་འགྲོ་བསྐྱོད་ཐུབ་མིན་སྨོས་མེད་ཡིན་སྟབས། དེ་བས་བོད་ཡིག་ཐོག་གི་རྩོམ་དབྱིན་ཡིག་སོགས་ཀྱི་ཐོག་ཏུ་བསྒྱུར་ནས་བོད་རྒྱའི་གནས་བབས་མཚོན་པའི་དཔེ་དེབ་གང་མང་འགྲེམས་བཀྲམ་ཐུབ་ན། ཕན་ཐོགས་ངེས་ཅན་ཡོད་ངེས་སྙམ། དེ་བས་གཞན་རྩོམ་པ་པོ་ཚོས་བོད་ནང་ཁུལ་ལམ་ཁྲིད་དགོས་པ་ཆེར་མཐོང་མ་བྱུང་།

དྲི་བ། བོད་ནང་ལ་ཆེས་ཛ་དྲག་གི་དུས་ཚོད་འདིར་ང་ཚོ་བྱེས་འབྱོར་བོད་མི་ཚོའི་ལས་འགུལ་གྱི་ངོ་བོ་དང་། ཐབས་ལམ། རྣམ་གྲངས་བཅས་ཀྱི་ཆ་ནས་འདང་གི་མེད་པའམ་ཡར་རྒྱས་གཏོང་བ་དེ་འདྲ་མཐོང་གི་ཡོད་དམ།
ལན། དྲི་བ་འདི་ནི་ཆེས་གལ་ཆེ་ནང་གི་གལ་ཆེ་རེད། དྲང་པོར་བཤད་ན་གཞིས་བྱེས་བོད་རིགས་རྒྱ་ཆེའི་མང་ཚོགས་ཀྱི་མཐུན་ལམ་དང་། རྩ་དོན། ལངས་ཕྱོགས། དམིགས་ཡུལ། ལས་འགུལ། སྙིང་སྟོབས། ཆོད་སེམས་བཅས་ལ་མི་རིགས་གཞན་གྱིས་འགྲན་ཐབས་མེད་པའི་ཚད་མཐོའི་རང་བཞིན་ལྡན་པའི་རྨང་གཞིའི་རྐང་པ་བརྟན་པོ་གཉིས་ཀ་ང་ཚོའི་སྤྱི་ཚོགས་འདིར་ལྡན་ཡོད། དེ་ལྟ་ནའང་། ཕྲད་བཞི་འདུས་ཀྱི་མིང་ཚིག་འདིའི་ནང་མི་རིགས་འདིའི་ལས་དབང་གི་འགག་རྩ་དང་། དབང་རྩ་ཡོངས་རྫོགས་དགུན་དུས་ཀྱི་བྱིས་པའི་ལག་པ་བཞིན་འཁུམས་ཟིན་པས། བསྐྱར་བཤད་ཡང་བཤད་ཇི་ཙམ་བྱས་ནའང་ཕན་ཐོགས་ཡོད་མེད་མི་ཤེས། མདོར་བསྡུས་ན་ཤི་ལམ་དང་ཁ་ཐག་ཉེ་བའི་མི་རིགས་འདིའི་ཟུངས་ཁྲག་ལ་གསོན་ཤུགས་ཀྱི་རྣམ་ཤེས་གསར་པ་ཞིག་འཕར་དགོས་ན་དགོས་ངེས་པའི་ཆ་རྐྱེན་བཞི་ཡོད།
༡ བློ་ཁོག་ཡོད་པ། ༢ བློ་རྩ་བརྟན་པ། ༣ དམིགས་ཡུལ་གཅིག་པ། ༤ ཐག་གཅོད་ཐུབ་པ། ཆ་རྐྱེན་བཞི་པོ་འདིའི་རྒྱབ་ལྗོངས་མི་ལོ་ལྔ་བཅུ་ལྷག་གི་རིང་མི་ཡུལ་ལ་འཁྱམས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནས་ཤེས་ཐུབ་པ་ཞིག་རེད། དྲང་པོ་བཤད་ན་ཆ་རྐྱེན་བཞི་པོ་འདིའི་ས་བོན་ད་ལྟའི་བར་འཛུགས་མྱོང་མེད་ལ། དེ་དག་གི་མྱུ་གུ་ནི་དེ་བས་ཀྱང་སྨིན་མྱོང་མེད། ཐག་ཆོད་པའི་ལས་འགུལ་དངོས་གནས་ཤིག་སྤེལ་ན། “བོད་ལ་ལོག་”ཅེས་པའི་ལས་འགུལ་དེ་ཉག་གཅིག་རེད་དྲན་གྱི་ཡོད། འདི་ཕྱི་ལོ་༢༠༠༨ ལོ་ནས་དྲན་ནའང་བཤད་ཚོད་ཐིག་མ་སོང་། དེ་དུས་དངོས་གནས་བྱས་ན་སྐབས་ལ་འཁེལ་བ་རེད། འཕྱི་དྲགས་པའི་ལས་འགུལ་འདི་ད་དུང་ཤི་ཡོད་པ་མ་རེད་དྲན་གྱི་འདུག གོང་གསལ་ཆ་རྐྱེན་བཞི་པོ་དེ་མ་ཚང་ན་ལས་འགུལ་འདི་ནམ་ཡང་སྤེལ་མི་ཐུབ།

དྲི་བ། དེང་སང་མི་མང་དཀྱུས་མ་ཚོའི་སེམས་ལ་གཞུང་ཞབས་དང་སྤྱི་འཐུས་རྣམ་པ་ཚོ་ཁྲོམ་སྐོར་ལས་འགུལ་ལྟ་བུའི་ནང་མཉམ་ཞུགས་བྱེད་ཀྱི་མེད་པའི་བསམ་ཚུལ་ཡོང་གི་ཡོད་པ་དེར་དགོངས་ཚུལ་གང་ཡོད།
ལན། སྤྱི་འཐུས་དང་གཞུང་ཞབས་ཚོ་རང་འཁྲིའི་ལས་འགན་དེ་གནང་རྒྱུ་གལ་ཆེ་བ་རེད། གལ་ཏེ་“བོད་ལ་ལོག་”ཅེས་པའི་ལས་འགུལ་སྤེལ་ན། དེའི་ཉིན་མོར་བོད་ཡུལ་དང་ཤི་ལམ་གཉིས་ལས་ཕུང་གསུམ་པའི་འགྲོ་ལམ་མེད་པའི་སྒོ་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་ནས་ད་ནངས་སྐྱེས་པའི་ཕྲུ་གུ་ཡན་ཆད་མཉམ་ཞུགས་བཟོ་རྒྱུ་རེད། དེ་མིན་འཕྲལ་སེལ་ལས་འགུལ་ནང་ཁོང་རྣམ་པ་ཞུགས་པ་ལས་རང་འཁྲིའི་ཕྱག་ལས་གནང་ན་དགེ་མཚན་ཆེ། སྙིང་སྟོབས་ལྡན་ལ་རྒྱལ་ཞེན་ཟབ་པའི་རྒྱ་ཆེའི་མི་མང་གིི་དགོངས་འཆར་ནང་གནས་ལུགས་དང་། རྒྱུ་མཚན་ལ་མི་འཚམ་པའི་འཆར་སྒོ་ཡོད་ཚད་གོང་རིམ་ནས་བདག་སྤྲོད་གནང་ཐབས་མེད།

དྲི་བ། ད་ལྟའི་ང་ཚོའི་རང་ལུས་མེར་སྲེག་གི་འཐབ་རྩོད་འདི་ལ་རྒྱ་གཞུང་གིས་ཡ་ལན་མ་བྱས་ན། འཐབ་རྩོད་འདི་དྲག་པོའི་ངོ་བོར་འགྱུར་གྱི་རེད་དགོངས་ཀྱི་ཡོད་དམ།
ལན། རྒྱལ་དོན་མེ་མཆོད་ཀྱི་ལས་འགུལ་འདི། ཉུང་ས་ནས་མང་སར་འཕར། ཆུང་ས་ནས་ཆེ་སར་འཛེགས། དམའ་ས་ནས་མཐོ་སར་མཆོངས་ཏེ། རྒྱུ་ཆུང་ཆུང་གིས་རྐྱེན་ཆེན་པོའི་དཔེ་ལྟར། རྒྱ་གཞུང་གིས་འབུར་འཇོམས་དང་དྲག་རྡུང་གི་ལས་འགུལ་ཐལ་དྲགས་ན། སྟབས་ཉེས་ས་ནས་བཤད་ན་གང་ཟག་བྱེ་བྲག་པ་ཞིག་བསྲེགས་པའི་མེ་ལྕེ་དེས། རྒྱལ་ཁབ་བྱེ་བྲག་པ་ཞིག་གི་སྣོད་བཅུད་ཆ་ལག་ཡོངས་རྫོགས་འཚིགས་པའི་མེ་རླབས་ཀྱི་ངོ་བོར་འགྱུར་མི་སྲིད་པ་མ་རེད་སྙམ།

དྲི་བ། བོད་ནང་གི་བོད་མི་ཚོའི་མངོན་འདོད་དང་། བཙན་བྱོལ་གཞུང་གིས་རྒྱ་གཞུང་དང་མཉམ་དུ་རྩོད་བཞིན་པའི་རང་སྲིད་རང་སྐྱོང་གི་གནས་བབས་ལ་ཁྱད་པར་ཡོད་རེད་དམ།
ལན། ད་ལྟའི་གཞིས་བཞུགས་དང་རང་གཞུང་གི་སེམས་ཁོངས་ན་འཆར་བཞིན་པའི་མངོན་འདོད་ལ་འགྲེལ་བརྗོད་བྱས་ན་གནམ་དང་སའི་ཁྱད་པར་ཡོད་རྒྱུ་རེད། ཕ་ཁྲག་རློན་པས་ལག་པ་གཤེར་བཞིན་པའི་དགྲ་བོའི་པང་ཁར་བུ་ཚས་སྔས་མགོ་བྱས་ནས་སྐྱིད་ཉལ་མི་རྒྱག་པ་ཆོས་ཉིད་རེད། ཡིན་ནའང་གནམ་སའི་བར་གྱི་སྟོང་ཆ་ལ་མཐོང་རེག་མེད་པས། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལ་རྒྱ་གཞུང་གིས་དོན་སྙིང་ལྡན་པའི་རིན་ཐང་ངེས་ཅན་ཞིག་སྤྲད་ན། ད་གཟོད་གཞིས་སྡོད་བོད་རིགས་ཚོས་བཙན་བྱོལ་གཞུང་གིས་རྩོད་བཞིན་པའི་རང་སྲིད་རང་སྐྱོང་གི་གནས་བབས་ལ་ཡིད་མོས་གནང་ངེས་རེད་དྲན་གྱི་ཡོད།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་ ༤༡༦   ཕྱི་ལོ་ ༢༠༡༢/༡༢/༡༩ ཐོག་བཀོད།