ཨཱཿ
ཨཱཿ
དངོས་འབྱོར་བསགས་པ་ངོམས་ནས་མི་མཆོད་ལ།།
ཡིད་སྤྲུལ་རྫུན་ཆས་བདོག་ནས་ཕུལ་བ་མེད།།
མི་དམིགས་ཏིང་འཛིན་སེམས་ཀྱི་རི་མོའི་གཤིས།།
ཀློང་ཆེན་ཡངས་པ་ཆེན་པོའི་ངང་ནས་མཆོད།།
མ་འཕྲད་རྨི་ལམ་ཞིང་ནས་ཡང་ཡང་མཇལ།།
མ་བསྒོམ་ཡིད་ཀྱི་མཁའ་ལ་ལམ་ལམ་འཆར།།
མ་ཞུས་གདམས་ངག་རྒྱུད་ལ་ངམ་ངམ་འབྱོར།།
མ་བཙལ་ལས་ཀྱིས་འབྲེལ་འདི་བདེན་བདེན་སྙམ།།
མིག་ཟུམ་མིག་འབྱེད་སྐབས་ཀྱི་སྣང་བ་ལས།།
གར་ཡང་མ་བྱོན་གང་དུའང་མི་བཞུད་ཅིང་།།
སྙིང་གི་འདབ་མ་བརྩེགས་པའི་གོང་བུའི་དཀྱིལ།།
ཞལ་འཛུམ་དགྱེས་བཞུགས་མཛད་ལ་བདག་བསྟོད་དོ།།
དྲི་མེད་ཐུགས་དགོངས་ནོར་བུའི་གདེངས་ཀ་ནས།།
འཛད་མེད་ཡིད་བཞིན་ཟབ་གཏེར་མཛོད་རྡོལ་བས།།
རིས་མེད་རིགས་དྲུག་འགྲོ་བའི་རྒྱུད་སྦྱོང་ཏེ།།
མཐའ་མེད་ཐར་ལམ་འདྲེན་དེར་ལྟད་མོར་གཡེངས།།
སྐྱེ་མེད་ཆོས་སྐུ་ཀུན་བཟང་དགོངས་པའི་ཀློང་།།
འགོག་མེད་ལོངས་སྐུ་རྒྱས་པའི་དཔལ་ཤར་པ།།
གཉིས་མེད་སྤྲུལ་སྐུའི་འཕྲིན་ལས་ཡོངས་འགྲུབ་ནས།།
དབྱེར་མེད་དགོངས་པ་ཟབ་མོའི་དོན་རྟོགས་ཤོག །།
ཅེས་༢༠༡༢/༡༢/༢༨ ཉིན་དེར་བྲིས་པའོ།།