སྙན་ངག་འབྲི་ཕྱོགས་ལ་དཀའ་ངལ་འདུག

classs1_2013

དེ་རིང་ཞོགས་པར་ཀིརྟའི་དགེ་རྩ་ཚོགས་པའི་གོ་སྒྲིག་འོག སློབ་གྲྭའི་གུང་གསེང་དང་བསྟུན་ཏེ་བཙན་བྱོལ་ནང་གི་སློབ་གྲྭ་མི་འདྲ་བ་ཁག་དྲུག་གི་སློབ་མ་གྲངས་བཞི་བཅུར། ཟླ་༡ གི་རིང་བོད་ཀྱི་སུམ་རྟགས་དག་གསུམ་དང་ནང་ཆོས་བཅས་ཀྱི་དམིགས་བསལ་འཛིན་གྲྭ་ཞིག་དབུ་འཛུགས་གནང་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་ཆུ་ཚོད་༡༢། ༣༠ ཀྱི་སྟེང་། ཀིརྟའི་དགེ་རྩ་ཚོགས་པའི་གོ་སྒྲིག་འོག འདི་ལོའི་སློབ་གྲྭའི་གུང་གསེང་དང་བསྟུན་ཏེ་བཙན་བྱོལ་ནང་གི་སློབ་གྲྭ་མི་འདྲ་བ་ཁག་༦དྲུག་ནས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེ་བའི་སློབ་མ་གྲངས་བཞི་བཅུ་བསྡུ་རུབ་ཀྱིས། ཟླ་གཅིག་གི་རིང་བོད་ཀྱི་སུམ་རྟགས་དང་ནང་ཆོས་བཅས་ཀྱི་དམིགས་བསལ་འཛིན་གྲྭ་ཞིག བཞུགས་སྒར་ཀིརྟི་བྱིས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་དབུ་འཛུགས་གནང་སོང་།

classs1_2013ཛིན་གྲྭ་དབུ་འཛུགས་སྐབས་ཀིརྟའི་དགེ་རྩ་ཚོགས་པའི་ཚོགས་གཙོ་བློ་བཀྲ་ཚེ་རིང་གིས་གསར་འགོད་པར་ངོ་སྤྲོད་གནང་དོན། “སྤྱིར་བཏང་གི་བོད་པའི་སྤྱི་ཚོགས་ནང་མི་སྒེར་དང་དགོན་པ་ཁག་གིས་བོད་པའི་སྐད་ཡིག་སྲུང་སྐྱོབ་ལ་དོ་སྣང་ཆེན་པོས། གཞོན་སྐྱེས་ཚོར་བོད་པའི་སྐད་ཡིག་གི་སློབ་སྦྱོང་མང་པོ་ཞིག་སྤྲད་ཀྱི་ཡོད་རེད། དེར་བརྟེན་སོ་སོའི་ངོས་ནས་ཡིན་ན་ཡང་བོད་པའི་ཆོས་དང་རིག་གཞུང་གཞོན་སྐྱེས་ཚོར་ངོ་སྤྲོད་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་སྔོན་མ་ཞིག་ནས་གོ་སྒྲིག་བྱེད་དགོས་བསམ་ནས་ད་ལྟའི་བར་ལྷག་སོང་། ད་ལོར་ཀིརྟའི་དགེ་རྩ་ཚོགས་པས་ཐེངས་ཐོག་འཛིན་རིམ་དགུ་པ་ནས་བཅུ་གཅིག་བར་གྱི་སློབ་མ་༣༠ ལེན་རྒྱུ་བྱས་པ་ཡིན། ཡིན་ན་ཡང་རྗེས་སུ་ང་ཚོར་འབྲེལ་བ་བྱེད་མཁན་མང་པོ་བྱུང་བར་བརྟེན་སློབ་མ་༤༠ བླངས་པ་ཡིན། ད་དུང་སློབ་མ་མང་པོ་ཞིག་འཛུལ་ཞུགས་བྱེད་འདོད་འདུག ཡིན་ན་ཡང་དགེ་རྒན་དང་ཕྱོགས་མང་པོ་ཞིག་གི་གནས་སྟངས་ཐད་ནས་ཚང་མ་ལེན་ཐུབ་མ་སོང་”ཞེས་བརྗོད་བྱུང་།

ཡང་ཁོང་གིས་འཛིན་གྲྭའི་སློབ་ཚན་སྐོར་ངོ་སྤྲོད་བྱེད་དོན། “སློབ་ཚན་གོ་སྒྲིག་བྱེད་སྟངས་ཡིན་ན། སློབ་གྲྭ་ཁག་དང་འབྲེལ་བ་བྱས་ཏེ་མ་འོངས་པར་སློབ་གྲྭར་ཕྱིར་སོང་ནས་བེད་སྤྱོད་ཡོད་པ་དང་། འདིར་འཛིན་གྲྭར་ཞུགས་སྐབས་སུ་ཡང་བེད་སྤྱོད་ཡོད་པ་ཞིག་བྱས་ཡོད། དེ་ཡང་བོད་ཀྱི་ཐུན་མོང་གི་རིག་གནས་སུམ་ཅུ་པའི་ནང་ནས་ཕྲད་རྣམ་དབྱེ་དང་། རྟགས་འཇུག་གི་ནང་ནང་བདག་གཞན་དུས་གསུམ་གྱི་སྐོར། དེ་བཞིན་སྙན་ངག་གི་སྤྱི་དོན་གཞིར་བཟུང་གིས་རང་བཞིན་བརྗོད་པའི་རྒྱན་བཞི་དང་དཔེ་རྒྱན་སོ་གཉིས་ངོ་སྤྲོད་བྱ་རྒྱུ་དང་། ཐུན་མིན་གྱི་རིག་གནས་ནང་ཆོས་ཀྱི་ཐོག་ནས་སྐྱབས་འགྲོ་དང་ལས་འབྲས་སོགས་ངོ་སྤྲོད་བྱ་རྒྱུ་ཡིན། དེ་སང་༧གོང་ས་མཆོག་གིས་རིག་ལམ་དེ་ཧ་ཅང་གལ་ཆེན་པོར་དགོངས་ཀྱི་ཡོད་དུས། རིགས་ལམ་གྱི་ཐོག་ནས་རྩོད་པ་རྩོད་སྟངས་ཀྱི་རྣམ་བཞག་ཅིག་ཀྱང་སློབ་རྩིས་ཡོད་”ཅེས་བརྗོད་བྱུང་།

མཐར་ཁོང་གིས་འཛིན་གྲྭ་འདིའི་སློབ་དེབ་དང་འཛིན་ཁང་སོགས་རིན་མེད་ཐོག་གོ་སྒྲིག་བྱས་ཡོད་སྐོར་དང་། འཛིན་གྲྭ་འདིའི་ཉམས་མྱོང་ལ་བརྟེན་ནས་མ་འོངས་པར་མུ་མཐུད་ནས་ལོ་རེའི་སློབ་མའི་གུང་གསེང་དང་བསྟུན་ཏེ་འཛིན་གྲྭ་འདི་གོ་སྒྲིག་བྱ་འཆར་ཡོད་སྐོར་སོགས་བརྗོད་བྱུང་།

ད་དུང་གོ་སྒྲིག་པའི་ངོས་ནས་སློབ་མ་ཚོར་སློབ་སྦྱོང་གི་ཆ་རྐྱེན་གཞན་ཞིག་ཡོད་པ་ནི་འཛིན་གྲྭའི་ནང་དུས་དེབ་འདྲ་མིན་དང་། གསར་ཤོག་འདྲ་མིན་ཀློག་རྒྱུའི་གོ་སྐབས་ཤིག་ཀྱང་བསྐྲུན་འདུག་པ་དེ་རེད།

གསར་འགོད་པས་ཐེངས་འདིའི་འཛིན་གྲྭར་བཅར་བའི་སློབ་མ་ཁག་ཅིག་ལ་གུང་གསེང་གི་དུས་ཚོད་འདིར་ཁྱེད་རང་འཛིན་གྲྭ་འདིར་ཡོང་དོན་གང་ཡིན་དྲིས་པར། tashi_lhamoདྷ་སྟེང་བོད་ཁྱིམ་གྱི་སློབ་མ་བཀྲ་ཤིས་ལྷ་མོས་ང་རང་གིས་སློབ་གྲྭའི་གུང་གསེང་གི་དུས་ཚོད་འདིར་བོད་ཡིག་སྦྱོང་དགོས་བསམ་སོང་། དེར་བརྟེན་ང་རང་འདིར་ཡོང་བ་ཡིན། རྗེས་མ་སློབ་གྲྭ་ཐོན་ནས་སྤྱི་ཚོགས་ནང་འགྲོ་དུས་བོད་ཡིག་མ་ཤེས་ན་དཀའ་ངལ་འདུག རྗེས་མ་སོ་སོའི་སྤྱི་ཚོགས་ནང་ལ་ཡང་ཕན་ཐོགས་ཀྱི་རེད། ཡང་ཕྱོགས་གཞན་ཞིག་ནས་སློབ་མ་མང་པོ་ཞིག་ལ་བོད་ཡིག་གི་ཚིག་སྦྱོར་ཡག་པོ་མེད་པའི་དཀའ་ངལ་ཡོད་རེད། ང་རང་ཡང་ཚིག་སྦྱོར་ཡག་པོ་མེད། དེར་བརྟེན་འཛིན་གྲྭ་འདིར་འཛུལ་ཞུགས་བྱས་པ་ཡིན་ཞེས་བརྗོད་བྱུང་།

palden_wozerསློབ་མ་དཔལ་ལྡན་འོད་ཟེར་གྱིས་ད་ལོར་ཀིརྟི་དགོན་པའི་ངོས་ནས་བོད་ཀྱི་རིག་གཞུང་སྦྱོང་སའི་དམིགས་བསལ་འཛིན་གྲྭ་ཞིག་གོ་སྒྲིག་བྱས་པ་དེ། ང་རང་ངོས་ནས་རྩ་ཆེན་པོ་དང་གོ་སྐབས་བཟང་པོ་ཞིག་ཏུ་མཐོང་སོང་། གང་ཡིན་ཟེར་ན། ང་རང་ཚོ་བོད་པ་ཡིན་པར་བརྟེན་སོ་སོའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་བྱེད་དགོས་པ་དེ་ང་རང་ཚོའི་ལས་འགན་རེད། ལྷག་པར་དུ་ནང་ཆོས་ཀྱིས་ཚེ་འདི་དང་ཕྱི་མ་གཉིས་ཀར་ཕན་ཐོགས་ཡོད་པ་རེད། དེར་བརྟེན་ང་རང་འཛིན་གྲྭ་འདིར་འཛུལ་ཞུགས་བྱས་པ་ཡིན་ཞེས་བརྗོད་བྱུང་།

jamyang_dorjeeམ་སུ་རིའི་སློབ་མ་འཇམ་དབྱངས་རྡོ་རྗེས་བོད་པའི་སྤྱི་ཚོགས་ནང་སློབ་གྲྭ་ཐོན་དུས་སློབ་ཕྲུག་མང་ཆེ་བ་བོད་ཡིག་གི་ཤེས་ཚད་སྐྱོ་བོ་ཡིན་པར་བརྟེན། ངའི་ཨ་ཞང་གིས་ཐབས་ཤེས་བྱས་ཏེ་གུང་གསེང་གི་དུས་ཚོད་འདིར་བོད་ཡིག་སྦྱོང་སའི་འཛིན་གྲྭ་འདི་བཙལ་བ་རེད། རྩ་བས་ང་རང་བོད་ཡིག་གི་ཤེས་ཚད་སྐྱོ་བོ་མིན། ཡིན་ན་ཡང་སྙན་ངག་འབྲི་སྟངས་ཀྱི་ཐད་ལ་དཀའ་ངལ་འཕྲད་ཀྱི་འདུག དེར་བརྟེན་ང་རང་འཛིན་གྲྭ་འདིར་བཅར་བ་ཡིན་ཞེས་བརྗོད་བྱུང་།

tseringkyeསློབ་མ་ཚེ་རིང་སྐྱིད་ཀྱིས་ནམ་རྒྱུན་ང་རང་གི་སློབ་ཚན་ཚང་མའི་ནང་བོད་ཡིག་གི་ཤེས་ཚད་སྐྱོ་ཤོས་ཡིན། དེ་བརྟེན་གུང་གསེང་གི་དུས་ཚོད་འདིར་བོད་ཡིག་ཡག་པོ་ཞིག་སྦྱོང་བསམ་སྟེ་ང་རང་འཛིན་གྲྭ་འདིར་འཛུལ་ཞུགས་བྱས་པ་ཡིན་ཞེས་བརྗོད་བྱུང་།