དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་འདུ།

ཟླ་འདིའི་ཚེས་༧ ནས་ཉིན་གྲངས་གསུམ་རིང་བཞུགས་སྒར་གངས་སྐྱིད་གསོལ་ཐབ་ཚོགས་ཁང་ནང་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ཡོད་པ་རེད།

ཉིན་དེའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཆོས་རིག་ལས་ཁུངས་དང། བཙུན་དགོན་ཁག་དྲུག་དང་མཚན་ཉིད་གྲྭ་ཚང། བོད་ཀྱི་བཙུན་མའི་ལས་འཆར་ཁང་བཅས་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་མིའི་སྐུ་ཚབ་རྣམ་པ་ལྷན་འཛོམས་ཐོག ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཁག་གི་དགོངས་དོན་ལྟར། ང་ཚོས་ཧུར་ཐག་ཞུས་ཏེ་ཚོགས་ཆུང་འདི་ཚུགས་ཐུབ་པ་བྱུང་ཡོད། དེའི་ཐོག་ང་ཚོ་འབྲེལ་ཡོད་ཚང་མས་དཀའ་ལས་བརྒྱབ་སྟེ་མཉམ་ཞུགས་གནང་བར་བརྟེན་ནས་གོམ་པ་གང་ཙམ་ཞིག་སྤོ་ཐུབ་ཡོད་ཅེས་དང་། “རྒྱུགས་སྤྲོད་དེ་ལས་སླ་ཆོད་དང་སྟབས་བདེ་པོ་མ་ཡིན་པར་ཚད་ལྡན་ཞིག་ཡོང་རྒྱུར་ཐུགས་ཁུར་བསྐྱེད་རོགས་ཞུ་རྒྱུ་ཡིན། ང་རང་ཚོའི་ནང་ཆོས་སྦྱང་རྒྱུའི་རིམ་པ་ཚད་མཐོ་པོ་ཡོད་སྟབས། ང་ཚོས་བར་དེར་ཉམས་རྒུད་གཏོང་རྒྱུའི་ལམ་ལྟ་བུ་ཞིག་ཆགས་ན། ང་ཚོའི་དམིགས་ཡུལ་དང་མཐུན་གྱི་མེད། ང་ཚོའི་དམིགས་ཡུལ་དེ་བཙུན་མ་དགེ་བཤེས་སུ་ཞིག་ཡིན་རུང་སློབ་སྦྱོང་གི་གནས་ཚད་འདྲ་མཉམ་སླེབས་དགོས་ཀྱི་རེད་མ་གཏོགས་བཙུན་མར་དམིགས་བསལ་གཏོང་རྒྱུ་དེ་འདྲ་ཡོང་མི་སྲིད་པ་རེད་”ཅེས་གསུངས་སོང།

ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་གཞི་ཁག་ནི། ༡༽ཆོས་རིག་ལས་ཁུངས་སུ་འབྱོར་བའི་བཙུན་མ་རྣམས་ཀྱི་འགེངས་ཤོག་རྣམས་ལ་ཞིབ་གཤེར་དང། དེ་དང་འབྲེལ་མ་འོངས་པར་གནང་ཕྱོགས་ཇི་དགོས་སོགས་ཀྱི་སྐོར། ༢༽དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོ་གཏོང་ཡུལ་བཙུན་དགོན་གཏན་འཁེལ། ༣༽རྒྱུགས་ལེན་པ་ཁ་གྲངས་གཏན་འབེབས། ༤༽དེ་བཞིན་འབྲེལ་ཡོད་གནད་དོན་གཞན་ཁག་བཅས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་ འདུག

་ཐེངས་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་མིའི་སྐུ་ཚབ་རྣམས་ནི། ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལུང་རྟོགས་དང། མཚན་ཉིན་གྲྭ་ཚང་གི་དགེ་བཤེས་འཇམ་དཔལ་གྲགས་པ། སྒྲོལ་མ་གླིང་གི་དགེ་བཤེས་རིག་འཛིན་ཆོས་གྲགས། མཁའ་སྤྱོད་དགའ་འཁྱིལ་གླིང་གི་དགེ་བཤེས་བློ་བཟང་བཟོད་པ། སྐྱིད་གྲོང་ཐུགས་རྗེ་ཆོས་གླིང་གི་དགེ་བཤེས་ངག་དབང་ཐར་འདོད། བོད་ཀྱི་བཙུན་མའི་ལས་འཆར་གྱི་བཙུན་མ་བློ་བཟང་བདེ་ཆེན། བྱང་ཆུབ་ཆོས་གླིང་གི་བཙུན་མ་བསོད་ནམས་སྲིད་ཆོས། དགེ་ལྡན་ཆོས་གླིང་གི་བཙུན་མ་བསྟན་འཛིན་འཛོམས་པ། འཇམ་དབྱངས་ཆོས་གླིང་གི་བཙུན་མ་ཚེ་རིང་མཚོ་མོ་བཅས་ཡིན་པ་རེད།།