རང་སྲེག་མ་བཏང་སྔོན་འདས་གྲོངས་དང་འཇུ་བཟུང་གི་གནས་ཚུལ།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཉེས་མིང་འདྲ་མིན་འོག་བོད་མི་འཇུ་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་དང་། ཟླ་འདིའི་ཚེས་ཟླ་འདིའི་ཚེས་༡༩ ཉིན་ཨ་མདོ་ཀླུ་ཆུ་ནས་རང་སྲེག་གྲ་སྒྲིག་བྱས་ཏེ་ཁ་ཆེམས་བཞག་རྗེས། འཇིགས་བྱེད་སྐྱབས་ཀྱིས་དུག་འཐུང་སྟེ་སྐུ་གྲོངས་ཡོད་འདུག

༢༠༡༢ ལོའི་ཕྱི་ཟླ་༡༡ ནང་ཨ་མདོ་རེབ་གོང་ཁུལ་ཐོག་ཏུ་སྒྲོལ་མ་སྐྱབས་ཞེས་པ་ཞིག་གིས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་གྲ་སྒྲིག་བྱས་ཏེ། རྡོ་སྣུམ་ཉར་ཡོད་པ་ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ། ཁོང་འཛིན་བཟུང་བྱས་ཡོད་འདུག

ཁོང་འཛིན་བཟུང་བྱས་རྗེས་དོན་རྐྱེན་དེ་རྩད་གཅོད་བྱས་པར། རང་ལུས་མེར་སྲེག་ལ་སྐུལ་སློང་བྱེད་མཁན་འཕགས་པ་ཞེས་ཞིག་འཛིན་བཟུང་བྱས་ཡོད་སྐོར་གྱི་གནས་ཚུལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཟླ་འདིའི་ཚེས་༢༥ ཉིན་རྒྱ་ནག་གཞུང་འབྲེལ་གྱི་ཞེ་ཧྭ་དྲ་གནས་ལུང་འདྲེན་བྱས་འདུག གནས་ཚུལ་སྤེལ་བ་ལྟར་ན། འཕགས་པ་ནི་༢༠༠༥ ལོར་རྒྱ་གར་དུ་འགྲོ་མྱོང་ཡོད་པ་དང་། ༢༠༡༡ ལོའི་ཕྱི་ཟླ་༧ ནང་བོད་དུ་ཕྱིར་ལོག་སྟེ། ཨ་མདོ་གཅན་ཚ་ས་ཁུལ་དུ་དྭ་ཕྲུག་སློབ་གྲྭ་ཞིག་ཏུ་དགེ་རྒན་བྱེད་ཀྱི་ཡོད་འདུག ཁོང་ལ་རྒྱ་ནག་གཞུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་འདུག

ཕྱི་ཚེས་ ༡༩ ཉིན་བོད་ཨ་མདོ་ཀླུ་ཆུ་ཤིས་ཚང་དཔོན་སྐོར་སྡེ་བའི་རང་ལོ་ ༡༧ ཡིན་པའི་འཇིགས་བྱེད་སྐྱབས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་འཆར་ཡོད་ཀྱང༌། སྔོན་ལ་དུག་འཐུང་ཡོད་པའི་དབང་གིས་མེར་བསྲེགས་མ་བཏང་གོང་སྐུ་གྲོངས་ཡོད་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པར་བོད་ཨ་མདོ་ཀླུ་ཆུ་ཤིས་ཚང་དཔོན་སྐོར་སྡེ་བའི་རང་ལོ་ ༡༧ ཡིན་པའི་འཇིགས་བྱེད་སྐྱབས་ཀྱིས་གཟུགས་པོར་ས་སྣུམ་གཤོ་ཡོད་པ་མ་ཟད་ལག་ཏུ་མེ་ཆ་གཉིས་ཉར་ཏེ་སྐུ་གྲོངས་ཡོད་འདུག

ས་གནས་མང་ཚོགས་ཀྱིས་ལྟ་སྐབས། ཁོང་གིས་མེར་སྲེག་སྐབས་མགྱོགས་མྱུར་འདས་གྲོངས་འགྲོ་ཆེད་སྔོན་ལ་དུག་གང་རུང་ཞིག་འཐུང་ཡོད་པའི་དབང་གིས་མེ་མ་སྦར་གོང་ལ་དུག་གི་ནུས་པ་ཤུགས་ཆེན་ཐོན་ཏེ་གྲོངས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་ཁོང་གི་ནང་མི་ཚོས་ཞིབ་འཇུག་བྱས་སྐབས། འཇིགས་བྱེད་སྐྱབས་ལགས་ཀྱི་ཉལ་ཆས་འོག་ཏུ་ཡི་གེ་ཞིག་བཞག་ཡོད་པའི་ནང་འཁོད་དོན། “ ང་རང་གི་རེ་བ་འགྲུབ་པའི་སྨོན་ལམ་འདེབས། ཨ་མའི་བུ་ཆུང་ཞིག་ཡིན་ན་ཡར་ལ་ལོངས། ཁ་བའི་བུ་ཆུང་ཡར་ལ་ལོངས། ཁ་བའི་གླུ་བ་ཡར་ལ་ལོངས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག གངས་སེང་དཀར་མོ་ལ་གུས་འདུད་ཞུ།

ཨ་ཕ་དང་ཨ་མ་ཁྱོད་ཚོས་ལུས་ཕུང་ལ་བདག་སྐྱོང་བྱེད་རྒྱུ་བུ་ཆུང་ངའི་རེ་བ་ཡིན། ཁྱེད་ཚོ་ནི་འཇིག་རྟེན་སྟེང་ཆེས་ཤ་ཚ་བའི་མི་ཡིན། བདག་གིས་སྐྱེ་བ་ཕྱི་མར་དྲིན་ལན་འཇལ་རྒྱུ་ཡིན། ཨ་ཕ་ལགས་བུ་ཆུང་ང་ལ་རེ་བ་ཞིག་ཡོད། ཁྱེད་ཀྱིས་ངའི་རེ་བ་འདི་དང་ལེན་བྱེད་རོགས། ངའི་ཆེས་བཟང་བའི་སློབ་གྲོགས། ཡི་དམ་སྐྱིད། ཚེ་དགའ། ལྷ་མོ་སྐྱབས། རོ་རེ། རྟ་མགྲིན་འཚོ། ཚེ་བརྟན། ལྷ་མོ་སྐྱབས། བསོད་ཚེ། ལྷ་མོ་འཚོ་སོགས་དང་། ད་དུང་ཆེས་བཟང་བའི་དགེ་རྒན་ལྷ་མོ་འཚོ་དང་དཔལ་སྒུར་སོགས་ལ་ཟ་མ་ཡག་པོ་ཞིག་ལྡུད་དགོས།

ངའི་ཆེས་བཟང་བའི་ཕུ་བོ། ཨ་ཕ་ལུས་ཕུང་བདག་སྐྱོང་བྱེད་དགོས། ཨ་ཆེ་དང་ཕུ་བོ། ནུ་བོ་ཁྱེད་ཕྱོགས་ཀྱི་འཚོ་བ་ནི་ཇེ་བཟང་ཡོང་བར་ངས་སེམས་གཏིང་ནས་སྨོན་ལམ་འདེབས།  ང་རང་ཆེས་དད་པ་ཆེ་ས་ནི་ཉི་ཟླ་སྐར་གསུམ་ཡིན།

ངའི་ས་མཐའི་ཨ་ཇོ་ང་ཡོང་གི་ཡོད། མིག་མཆི་མས་གང་བཞིན་ང་ཡོང་གི་ཡོད། བོད་ཁ་བའི་བདེ་སྡུག་ཞུ་རུ་ང་ཡོང་གི་ཡོད། མགོན་ཁྱེད་རང་དྲན་བཞིན་ང་ཡོང་གི་ཡོད། བོད་པ་ཚོ་ཡར་ལ་ལོངས། གངས་རིའི་བུ་ཆུང་ཡར་ལ་ལོངས། ཁ་བའི་གླུ་བ་ཡར་ལ་ལོངས། བོད་ཁ་བ་ཅན་ལ་བདེ་སྐྱིད་ཐོབ་པར་སྨོན་ལམ་འདེབས། ༢༠༡༢ ལོའི་ཟླ་ ༡༢ ཚེས་ ༨ ཉིན། ” ཞེས་བཀོད་འདུག
༼ ཡི་གེའི་ནང་གི་ཟླ་ཚེས་སྐོར་ལ་དོགས་འདྲི་བྱས་པར། དེ་ནི་ཨ་མདོའི་ཕྱོགས་ཀྱི་ཟླ་ཚེས་རྩི་སྲོལ་ཡིན་པ་དང༌། ལུགས་རྙིང་གི་ ༢༠༡༢ ཟླ་ ༡༢ ཚེས་ ༨ ཉིན་དེ་ནི་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༩ ཉིན་ལ་འཁེལ་ཡོད་འདུག༽

གནས་ཚུལ་དེ་བྱུང་བའི་རྗེས་སུ་ཀླུ་ཆུ་རྫོང་གི་ཉེན་རྟོག་པ་སྐོར་ཞིག་འདས་པོའི་ཁྱིམ་དུ་འབྱོར་ཏེ་སྐད་ཆ་འགའ་རེའང་འདྲི་བརྩད་བྱས་ཡོད་འདུག ཕྱི་ཚེས་ ༢༢ ཉིན་འདས་པོའི་སྐུ་ཕུང་དུར་ཞུགས་བྱས་ཡོད་འདུག ས་གནས་མི་མང་ཚོས་བརྗོད་ན། སྤྱིར་བཏང་བོད་པའི་ལུགས་སྲོལ་ལྟར་ན། མི་ཞིག་གྲོངས་ཚེ་ནང་མི་ཚོས་འདས་པོར་དགེ་སྒྲུབ་བྱེད་པ་དང་། དགེ་འདུན་པ་འགའ་རེ་ནང་དུ་གདན་འདྲེན་གྱིས་བསྔོ་སྨོན་གསུངས་པ་སོགས་བྱས་ཏེ། དགུན་ཁ་ཡིན་ཚེ་མ་མཐར་བདུན་ཕྲག་གཅིག་ཡས་མས་ལ་འདས་པོའི་བེམ་པོ་ཁྱིམ་དུ་འཇོག་པའི་སྲོལ་ཡོད་ཀྱང༌། ད་རེས་ཉིན་གསུམ་ལས་མ་འགོར་བར་ཁུ་སིམ་སིམ་སྐུ་ཕུང་དུར་ཞུགས་བྱེད་པར་གཞིགས་ན། ཁོང་ཚང་ལ་རྒྱ་ནག་གི་ཉེན་རྟོག་པས་གནོན་ཤུགས་དང་བཙན་བཀའ་ཞིག་བསླེབས་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག

འདས་པོ་འཇིགས་བྱེད་སྐྱབས་ལགས་ཀྱི་ཕ་མིང་ལ་གདུགས་དཀར་སྐྱབས་དང་མ་མིང་ལ་བདེ་སྐྱིད་འཚོ། ཁོང་ལ་སྲིང་མོ་ཞིག་ཡོད་པའི་མིང་ལ་ཆོས་སྐྱོང་འཚོ་བཅས་ཞུ་བཞིན་ཡོད་འདུག ཁོང་གི་ཕ་མ་ནང་མི་ཚོས་བརྗོད་པ་ལྟར་ན། བུ་འཇིགས་བྱེད་སྐྱབས་ནི་ཆང་དང་ཐ་མག་རིགས་མི་སྤྱོད་མཁན་ཞིག་ཡིན་པ་མ་ཟད། ཕ་མའི་ཁ་ལ་ཉན་པོ་བྱེད་མཁན་གྱི་བྱིས་པ་ཡ་རབས་ཤིག་ཡིན་པ་དང༌། བོད་པའི་ལར་ཞེན་ཆེན་པོ་དང༌། དེ་སྔོན་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་སྐོར་ལ་དོ་སྣང་དང་ཚོར་བ་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག