དྷ་ས་གངས་སྐྱིད་དུ་རྒྱ་གར་གྱི་མང་གཙོའི་དུས་དྲན་སྲུང་བརྩི།
ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་བྱས་ཏེ་མང་གཙོ་དབུ་བརྙེས་པའི་དུས་དྲན་སྐབས། བོད་གཞུང་གི་མཐོ་རིམ་ལས་བྱེད་ཚོ་དྷ་ས་གངས་སྐྱིད་བཀའ་ཤག་ཏུ་མཉམ་འཛོམས་ཐོག བཀའ་ཤག་ལས་ཁུངས་སྒོ་རུ་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེས་སྐབས་དེར་གསར་འགོད་པར་གསུངས་དོན། “རྒྱ་གར་གཞུང་མ་གཉིས་བོད་མི་ཚོར་བཀའ་དྲིན་ཆེ་ཤོས་རེད། བོད་མིའི་སྒྲིག་འཛུགས་རྒྱ་གར་དུ་ཡོད་པ་རེད་ལ། བོད་མི་མང་ཤོས་རྒྱ་གར་དུ་ཡོད་པ་རེད། རྒྱ་གར་གྱི་ལས་བྱེད་རྣམ་པ་དང་། འགོ་ཁྲིད་རྣམ་པར་བོད་མི་རིགས་ལ་བརྩེ་བ་ཡོད་པ་དང་། བོད་དོན་ལ་དོ་སྣང་ཡོད་པ་གསལ་པོ་རེད། ངས་སྲིད་སྐྱོང་གི་འགན་ཁུར་བའི་རིང་དུ་ཡང་རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་ཕར་འགྱངས་དང་། བོད་སློབ་འཛིན་སྐྱོང་ཚོགས་པ་རྩིས་སྤྲོད་སྟངས་ཀྱིས་མཚོན། རྒྱ་གར་གྱི་དཔོན་རིགས་ཚོར་མང་པོ་བཅར་དགོས་ཀྱི་ཡོད་པས། ཕྱོགས་གང་ཐད་ནས་མཐུན་འགྱུར་དང་རྒྱབ་སྐྱོར་ཞེ་དྲག་གནང་ཡོད་པ་རེད། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།
བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་ཨ་པུར་ཝ་གནས་སྤོས་བཏང་བ་དང་སྟབས་བསྟུན་ཁོང་དྷ་སར་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། ཟླ་འདིའི་ཚེས་༢༦ ཉིན་གྱི་དགོང་མོ་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྲོལ་རྒྱུན་གཞས་སྣ་གཟིགས་འབུལ་དང་། གསོལ་སྟོན་ཞིག་བཤམ་གྱི་ཡོད་པ་རེད།
དེའི་སྐོར་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་དོན། “བོད་སློབ་འཛིན་སྐྱོང་ཚོགས་པ་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲད་དགོས་པའི་ཡིག་ཆ་ཕུལ་རྒྱུ་དང་གསལ་བཤད་གནང་རྒྱུ་ཚང་མ་རྒྱ་གར་དབུས་གཞུང་བར་དུ་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་ཁོང་རང་གིས་གནང་བ་རེད། ཁོང་ངའི་གྲོགས་པོ་རེད་ལ་འདྲིས་པོ་ཡོད། ད་ལྟ་ཁོང་རྒྱ་གར་མ་ཧཱ་ར་ཤུ་དྷར་གནས་སྤོས་བཏང་འདུག ད་ལྟ་དུས་ཚོད་ཞེ་དྲག་མེད་པས་དྷ་སར་ཕེབས་རོགས་ཞུས་པ་ཡིན། ཁྱེད་རང་གིས་སྐུ་ལས་ཞེ་དྲག་བསྐྱོན་སོང་ཐུགས་རྗེ་ཆེ་ཞུ་ཆེད་དུ་རེད། དེ་བཞིན་ཁོང་རིའི་སྒང་ལ་ཕེབས་རྒྱུར་དགའ་པོ་ཡོད་པས། དྷ་སར་ས་གཙང་མ་རླུང་གཙང་མ་ཡོད་པ་རེད། དོ་དགོང་བོད་ཀྱི་སྲོལ་རྒྱུན་གཞས་སྣ་ཞིག་བོད་ཀྱི་ཟློས་གར་ཁང་དུ་གཟིགས་འབུལ་ཞུ་རྒྱུ་དང་། གསོལ་སྟོན་ཞིག་གྲ་སྒྲིག་བྱས་ཡོད་”ཅེས་གསུངས་སོང་།